《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月16日

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་གྱི་ཚོགས་འདུ་དང་2025ལོའི་ལོ་འཁོར་གྱི་ཆེད་དོན་བཅའ་ཁྲིམས་གླེང་བའི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཟླ་5ཚེས་14ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་གྱི་ཚོགས་འདུ་དང་2025ལོའི་ལོ་འཁོར་གྱི་ཆེད་དོན་བཅའ་ཁྲིམས་གླེང་བའི་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་མཐའ་མཚམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱེད་པ། ཁྲིམས་སྐྱོང་གི་རྩ་བ་བརྟན་དུ་གཏོང་བ་དང་། སྔོན་དཔག་བརྟན་དུ་གཏོང་བ། ཕུགས་ལ་ཕན་པ་བཅས་ཀྱི་འགན་ལེན་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག་2025ལོར་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལས་དོན་སྤེལ་ཚུལ་གྱི་སྙན་སེང་དང་ས་ཁུལ་དང་གྲོང་ཁྱེར་ཁག་གཅིག་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོས་བཅའ་ཁྲིམས་སྐོར་གྱི་ལས་འགན་སྒྲུབ་ཚུལ་གསན་པ་དང་། 《ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི(2026ལོ་ནས་2030ལོ་བར)》སོགས་ཡིག་ཆར་གྲོས་ཞིབ་དང་2026ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།

ཝང་ཅུན་ཀྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། “དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཁྲིམས་སྲོལ་རབ་དང་རིམ་པ་ཁྱབ་བསྒྲགས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ནས“ཆུང་ལ་མྱུར་བ”དང“འཇུག་སྒོ་ཆུང་ངུའི”ཁྲིམས་འཛུགས་པ་དང་བཟོ་བཅོས་བྱེད་མགྱོགས་སུ་བཏང་བས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་སྟངས་སྤྱད་དེ་གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། རིམ་ཁག་སྲིད་འཛིན་ལས་ཁུངས་ཀྱི་ཁྲིམས་ལྟར་སྲིད་འཛིན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ལས་དོན་ཁག་ཁྲིམས་སྐྱོང་ཅན་དང་། ཚན་རིག་ཅན། ཚད་ལྡན་ཅན་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་བཅས་ལས་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པར་འགན་ལེན་བྱས་ཡོད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མཐའ་མཚམས་མི་རིགས་ས་ཁུལ་ཡིན་པའི་བོད་ལྗོངས་ནི་རྒྱལ་ཁབ་ཀྱི་མཐའ་མཚམས་བཅོས་སྐྱོང་གི་ས་ཁོངས་གལ་ཆེན་ཞིག་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། ལྟེ་བའི་ནང་དོན་གཙོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ཐོག་དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཧུར་ཐག་ངང་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱས་ནས་བསམ་བློ་དང་སེམས་ལ་ཟུག་པ་དང་། གཏམ་སྤྱོད་ཐད་དོན་འཁྱོལ་དངོས་སུ་ཐུབ་པར་བྱེད་དགོས། “དོན་ཆེན་བཞི”དོན་འཁྱོལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་ཁྲིམས་ལྟར་བོད་སྐྱོང་གི་ཡང་དག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞི”དོན་འཁྱོལ་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་ཁྲིད་སྟོན་དང་། སྐུལ་འདེད། ཚད་ལྡན། འགན་ལེན་བཅས་དང་ཁ་འབྲལ་ཐབས་མེད་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་ཁྲིམས་སྐྱོང་ལག་བསྟར་དེ་བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། ཁྲིམས་སྐྱོང་དེ་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་དང་མཐུན་སྦྱོར་ཡོང་བར་དེ་བས་སྣང་ཆེན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་ལས་ཁྲིམས་སྐྱོང་ལ་བཏོན་པའི་རེ་བ་གསར་པ་རྒྱུན་ཆད་མེད་པར་སྐོང་བ་དང་མི་དམངས་མང་ཚོགས་ཀྱིས་ཁྲིམས་སྐྱོང་ལ་བཅངས་པའི་རེ་སྒུག་གསར་པར་ལན་ཧུར་ཐག་སློག་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཁྲིམས་སྐྱོང་ལ་བརྟེན་ནས་མཐའ་མཚམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་ཧུར་ཐག་སྐྲུན་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ། ཁྲིམས་ལྟར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་པ་དང་། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་རྒྱུན་གཏན་ལྟར་སྒྲུབ་པ་དང་། རྟག་ཏུ་སྒྲུབ་པ། གཞི་རིམ་དུ་དོན་འཁྱོལ་ཐུབ་པ་བཅས་བྱེད་པ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། “གསུམ་གསུམ”གྱི་ལས་ཀའི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། གནད་དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་རྣམ་པ་ཟབ་མོ་ཆགས་པར་བྱས་ནས། ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་ལ་བརྟེན་ནས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་འགན་སྲུང་བྱས་ཐོག ཡུན་རིང་བདེ་འཁོད་ཆེད་རྨང་གཞི་བརྟན་པོ་འདིང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་པ། མི་རིགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བ། ཁྲིམས་མཐུན་སྲུང་སྐྱོབ་དང་། ཁྲིམས་འགལ་བཀག་སྡོམ། མཐར་འཛིན་གཏན་འགོག སིམ་འཛུལ་ནན་འགོག ཉེས་གསོག་ལ་རྡུང་རྡེག་བཅས་དངོས་འབྲེལ་ཐུབ་པ་བྱས་ནས། ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དཔལ་འབྱོར་གྱི་སྒྲིག་ལམ་བཟང་པོར་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ། དཔལ་འབྱོར་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཟབ་ཏུ་གཏོང་བ་དང་། སྲིད་གཞུང་གི“མཐོང་ཐུབ་པའི་ལག་པ”དང་ཁྲོམ་རའི“མཐོང་མི་ཐུབ་པའི་ལག་པ”ཕན་ཚུན་ཟུང་འབྲེལ་བྱས་ཏེ། “ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་སྲིང་ཧུར་ཐག་བཅས་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཅའ་ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་གཞུང་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ལྕི་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་སུ་བརྩི་བ། སྐྱེ་ཁམས་ཁོར་ཡུག་ལ་ལྟ་འདོམས་དང་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་གདེང་འཇོག་དང་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྒྲུབ་འཕྲལ་བཅོས་ཀྱི་ལག་ལེན་དངོས་ལ་བརྟེན་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ཚུར་ལན་བྱས་པའི་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བཅས་བྱས་ནས། སྤུས་ཚད་དེ་བས་མཐོ་བའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་གང་མགྱོགས་འཛུགས་གཏོད་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་དང་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་བཏང་ནས་དར་རྒྱས་སྲ་བརྟན་གྱི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ་དང་། ཉམས་ཞན་ཚོགས་སྤྱིར་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་བཟང་སྐྱོང་མཁས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་དེ་བས་ལེགས་པའི་འགན་ལེན་དང་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་གཏོང་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་རྩ་བའི་འགན་སྲུང་ཡིན། ལས་ཀའི་འགན་འཁྲི་ཏན་ཏིག་བཟོས་ནས། ཏང་ཨུད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། སྒྱུར་བཅོས་ལ་སྐུལ་འདེད། དོན་འཁྱོལ་ལ་འགན་ལེན་བཅས་ཀྱི་འགོ་ཁྲིད་ནུས་པ་གང་ལེགས་འདོན་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ། སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་བྱས་ནས། འགོ་ཁྲིད་ལས་བྱེད་པར་ཁྲིམས་སྐྱོང་ལ་བརྩི་བཀུར་དང་། བཅའ་ཁྲིམས་ལ་གུས་སྐྲག ཁྲིམས་སྐྱོང་ལག་ལེན་ནན་ཏན་བཅས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་འོག་ཏུ་གནད་དོན་ལ་བསམ་གཞིག་དང་། ཐབས་ཇུས་འགོད་པ། ལས་དོན་སྒྲུབ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལས་དོན་ཁྲོད་གནས་པའི་སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་གནད་དོན་བཤེར་འདོན་དང་ཡོ་བསྲང་གཏིང་ཟབ་བྱེད་པ་དང་། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་སྒྱུར་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཁྲིམས་སྲུང་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཁྲིམས་སྐྱོང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་དང་། རྒྱལ་ཁབ། མི་དམངས། བཅའ་ཁྲིམས་བཅས་ལ་ལྷག་བསམ་རྣམ་དག་གི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་ཅིག་གསོ་སྐྱོང་ཧུར་ཐག་བྱས་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས།

(བསོད་བདེ་ཆེ་བ་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)