འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཟླ་5ཚེས་14ཉིན། རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་མཆན་བཀོད་བཀའ་ལན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་བཟའ་བཅའི་ཚན་རིག་རིག་གཞུང་ལྷན་ཚོགས་བཙུགས་པའི་ཚོགས་ཆེན་དང་ལས་འཛིན་ལྷན་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་པ་རེད། རིག་གཞུང་ལྷན་ཚོགས་བཙུགས་པ་ལས་བོད་ཀྱི་བཟའ་བཅའི་ཚན་རིག་ཁྱབ་ཁོངས་སུ་ཆེད་ལས་ཀྱི་རིག་གཞུང་རྩ་འཛུགས་ཡོད་པ་དང་། ལས་རིགས་གཅིག་ཏུ་བསྡུ་བ་དང་། ཐོན་ལས་ལ་ཞབས་འདེགས་ཞུ་བ། སྲིད་གཞུང་དང་ཁེ་ལས་འབྲེལ་མཐུད་བྱེད་པ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཡོད་པ་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རིག་གཞུང་ལྷན་ཚོགས་ཀྱིས་མཐོ་སློབ་དང་། ཚན་ཞིབ་ཁང་། དེ་བཞིན་ལས་རིགས་དང་ཁེ་ལས་བཅས་ཀྱི་ཐོན་ཁུངས་སྤུས་ལེགས་བསྡུ་སྒྲིལ་བྱས་ཏེ་ལྗོངས་ཡོངས་ཀྱི་བཟའ་བཅའི་ཁྱབ་ཁོངས་ཀྱི་ལས་དོན་པར་རིག་གཞུང་སྤེལ་རེས་དང་། མཐུན་སྦྱོར་གསར་གཏོད། གྲུབ་འབྲས་གཞན་སྒྱུར། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་བསྐྲུན་ནས་ས་མཐོའི་ཁྱད་ལྡན་བཟའ་བཅའི་ཚན་རིག་ཞིབ་འཇུག་དང་། ལག་རྩལ་གསར་གཏོད། ཐོན་ལས་རིམ་སྤོར་བཅས་ལ་སྐུལ་འདེད་བཏང་སྟེ། བོད་ཀྱི་ཁྱད་ལྡན་བཟའ་བཅའི་ཐོན་ལས་དེ་ཚད་ལྡན་ཅན་དང་། ཚད་གཞི་ཅན། སྤུས་རྟགས་ཅན། སྤུས་ཚད་མཐོ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
གསར་དུ་བདམས་ཐོན་བྱུང་བའི་རིག་གཞུང་ལྷན་ཚོགས་སྐབས་དང་པོའི་ལས་འཛིན་ཀྲང་ཡུས་ཧུང་གིས་རིག་གཞུང་ལྷན་ཚོགས་ཀྱི་སྒྲིག་ཡིག་ལ་ནན་པོར་གཞིགས་ནས་རིག་གཞུང་ལྷན་ཚོགས་འཁོར་སྐྱོད་ཚད་ལྡན་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
(པ་སངས་ཚེ་རིང་གིས་བསྒྱུར། པ་སངས་ཚེ་རིང་དང་ཚེ་ལྷས་ཞུས)