ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་སྐྱོད་སྐབས། གཙང་ཞིང་དག་པའི་འགྲོ་ལམ་གྱ་གྱུའི་ངང་བཟོས་ཡོད་པ་དང་། གྲོང་ཚོའི་ལམ་མདོའི་གྱང་ངོས་སུ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཅེས་པའི་ཡིག་འབྲུ་དམར་པོ་དག་མིག་ལམ་དུ་གསལ་ལེར་མངོན། དེ་ནས་མུ་མཐུད་མདུན་དུ་སོང་བ་ན། སྔོ་ཐིང་ཐིང་གི་རི་ཚོགས་ཀྱི་ཁྲོད་ནས་བོད་བཟོའི་ཁང་པ་རེ་རེ་མངོན་ཞིང་། རི་ཐང་གང་སར་ཁྱབ་པའི་ཁམ་སྡོང་གི་ཚལ་གྱིས་མི་རྣམས་ཀྱི་ཡིད་སེམས་དབང་མེད་དུ་འཕྲོག
ཡུལ་མི་པད་མ་བདེ་ཆེན་དང་བཟའ་ཟླ་བསྟན་འཛིན་ཉི་མ་ལྗོན་ཤིང་གི་གཡུ་ལོ་ཐགས་སུ་བཀྲ་བའི་སྒོ་རའི་ནང་བསྡད་ཡོད་པ་དང་ངོ་གདོང་ནས་སྐྱིད་པའི་འཛུམ་མདངས་ཟོལ་མེད་མངོན། འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས་པད་མ་བདེ་ཆེན་ལ་ད་ཆའི་འཚོ་བ་སྐྱིད་པོ་དེ་ལས་སླ་པོར་ཐོབ་པ་ཞིག་མིན་པའི་ཚོར་སྣང་ཟབ་མོ་བྱུང་ཞིང་། མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཁམ་བུའི་མེ་ཏོག་དུས་ཆེན་ལོ་ཤས་བསྟུད་མར་གཉེར་བ་དང་བསྟུན་ནས་གྲོང་ཚོའི་ཡུལ་ཟོག་ཕྱིར་ཚོང་བྲིན་ཁ་རྒྱུག་ལ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་གྲོང་མིར་ལོ་ལྟར་ཁེ་སྤོགས་མང་པོ་རག་གི་ཡོད། “ང་ཚོར་སྐྱེ་ཁམས་དང་ཡུལ་སྐོར་གྱི་ཡོང་འབབ་རག་གི་ཡོད་པས། འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་གི་འདུག”ཅེས་པད་མ་བདེ་ཆེན་གྱིས་དགའ་སྤྲོའི་ངང་བཤད།
ཀ་ལ་གྲོང་ཚོའི་འཕོ་འགྱུར་ཉམས་དགའ་བ་དེ་ལྟ་བུ་ནི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དུས་ཐོག་ཏུ་ལེགས་བཅོས་བྱས་པ་ལས་བྱུང་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཀ་ལ་གྲོང་ཚོས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་གྲོང་ཚོར་གད་བདར་གྱི་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། མི་སྡོད་ཁོར་ཡུག་སྒྱུར་བཀོད་ལས་གྲྭ་ལག་བསྟར་བྱས་ནས། འོས་འགན་ཤིང་འཛུགས་ལ་སྐུལ་འདེད་བཏང་བ་རེད།
གྲངས་གཞི་ལས་གྲུབ་འབྲས་མངོན་པ་སྟེ། ཀ་ལ་གྲོང་ཚོའི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་ཐུབ་པ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལེགས་པ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་དང་སྒོ་ཕྱུགས་ཀྱི་ལྕི་ལུད་གཙང་སེལ་ནུས་ལྡན་བཅས་བྱུང་ཡོད། 2025ལོར་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དང་འཚོ་སྡོད་ཁོར་ཡུག་གི་གནས་སྟངས་ལ་ཡུལ་མི་བློ་ཡིད་ཚིམ་ཚད་95%ལས་བརྒལ་ཡོད།
གནའ་བོའི་ཁམ་སྡོང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས་ཀ་ལ་གྲོང་ཚོས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་བྱས་ནས། “ཁམ་བུའི་མེ་ཏོག་གི་དཔལ་འབྱོར”ལ་རྒྱུན་མཐུད་ཤུགས་རྒྱག་པ་དང་། ཁམ་བུའི་མེ་ཏོག་ཁུལ་གྱི་ལྟེ་བའི་མཛེས་ལྗོངས་ཁུལ་བསྐྲུན་པ། ལྟ་སྐོར་སྔོག་འཐུ་ར་བ་སོགས་ལེ་ལག་ཚང་བའི་ལས་རྣམ་རྒྱ་ཆེར་བཏང་བ། ཁམ་བུའི་མེ་ཏོག་ཁུལ་གཙོ་བོར་བྱས་ཏེ་ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་དང་ཡུལ་སྐོར་སྣེ་ལེན་ལྟེ་གནས་ཁ་གསབ་ཏུ་བྱེད་པའི་ཐོན་ལས་ཚོ་འདུས་བསྐྲུན་པས། སྔོན་ཆད་ཀྱི“སྐྱེ་ཁམས་ཀྱི་ཉམས་བཟང”དེ་ཡུལ་མིའི་ཁུག་མའི་ནང་གི“དཔལ་འབྱོར་གྱི་ཐོན་རྫས་རིན་ཐང”དུ་འགྱུར་བཞིན་ཡོད་ཅིང་། 2025ལོར་ཀ་ལ་གྲོང་ཚོའི་གྲོང་གསེབ་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1542དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་863.8ཟིན་པའི་ཁར། རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་མི་ཐེངས་ཁྲི་12ཙམ་ལ་སྣེ་ལེན་ཞུས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་ཟིན་ཡོད།
ཀ་ལ་གྲོང་ཚོས་ཁམ་བུའི་མེ་ཏོག་ལ་བརྟེན་ནས་བྱུང་བའི་འཕོ་འགྱུར་ལས། གངས་ལྗོངས་ས་མཐོའི་ཡུལ་གྱི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”པའི་ནང་དོན་ཟབ་མོར་གསལ་འགྲེལ་ཡག་པོ་བརྒྱབ་སྟེ། སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་རྒྱུགས་ལན་གསར་པ་ཕུལ་བ་རེད།