འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་14ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་པེ་ཅིང་དུ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲི་ཏན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཐའེ་ཀྲང་ཧྲེན་ཧའེ་ཞུང་དང་མཇལ་འཛོམས་གནང་སྟེ། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་གྱི་གྲ་སྒྲིག་དང་ཁ་གཏད་རོགས་སྐྱོར་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་ལ་དམིགས་ནས་འབྲེལ་གཏུག་དང་སྦྲེལ་མཐུད་གཏིང་ཟབ་གནང་བ་རེད།
རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སུ་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ། སྤྱི་ཁྱབ་ཅུས་ཀྱིས་དུས་ཡུན་རིང་པོར་བོད་ཀྱི་ལུས་རྩལ་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་ཀྱི་ས་མཐོའི་ཁྱད་ལྡན་ལུས་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་ཀྱང་གནང་བ་རེད། ཁོང་གིས་ལུས་རྩལ་བོད་སྐྱོར་ནི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཅུས་ཀྱིས་སྲིད་ཇུས་དང་། རྣམ་གྲངས། མ་དངུལ། ཤེས་ལྡན་པ་སོགས་ནས་མུ་མཐུད་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱས་ཏེ། ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་འགྲན་བསྡུར་གྱི་སྤུས་ཚད་དང་རིམ་པ་མཐོ་རུ་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིར་སྐད་གྲགས་ཆེ་བའི་ས་མཐོའི་འགྲན་བསྡུར་གྱི་སྤུས་རྟགས་གཏོད་པ། བོད་ཀྱི་སྤྱི་པའི་ལུས་རྩལ་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། རྩལ་འགྲན་ལུས་རྩལ་གྱི་སྟོབས་ཤུགས་ཆེ་རུ་དང་ལུས་རྩལ་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཀྱི་ལུས་རྩལ་བྱ་གཞག་སླར་ཡང་སྐས་རིམ་གསར་པར་སླེབས་པར་རམ་འདེགས་བྱེད་དགོས་ཞེས་བསྟན་གནང་བ་རེད།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སུ་ཀརྨ་ཚེ་བརྟན་གྱིས་སྤྱི་ཁྱབ་ལས་ཁུངས་ཀྱིས་དུས་ཡུན་རིང་པོར་བོད་ཀྱི་འཕེལ་རྒྱས་ལ་དམིགས་པ་དང་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས། སླད་ཕྱིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཀུན་འདུས་སྨྱན་སྦྱོར་གྱི་གཏོང་སྤེལ་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ཏེ། སྤུས་ལེགས་ཀྱི་དྲིལ་བསྒྲགས་བརྩམས་ཆོས་སྔར་བས་མང་པོ་བཏོན་ནས་བོད་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་པ་དང་ཆབས་ཅིག སྨྱན་སྦྱོར་ཤེས་ལྡན་པ་གསོ་སྐྱོང་དང་། མཉམ་འདྲེས་སྨྱན་སྦྱོར་འཛུགས་སྐྱོང་། ཐོན་ལས་མཉམ་ལས་སོགས་ཐད་ཁ་གཏད་རོགས་སྐྱོར་གཏིང་ཟབ་བྱས་ནས་བོད་ལ་དྲིལ་བསྒྲགས་བསམ་བློའི་ཆུ་ཚད་མཐོ་རུ་གཏོང་རོགས་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད། ཧྲེན་ཧའེ་ཞུང་གིས་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་ཞིང་། སླད་ཕྱིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བོད་དྲིལ་བསྒྲགས་དང་བོད་ལ་ཞབས་འདེགས་ཞུ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་དང་ཀུན་འདུས་སྨྱན་སྦྱོར་གྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཁ་གཏད་རོགས་སྐྱོར་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། སྨྱན་སྦྱོར་གྱི་ནུས་པ་འཛུགས་སྐྱོང་དང་། ཤེས་ལྡན་པའི་སྤེལ་རེས། ཁྱད་ལྡན་ཐོན་ལས་དྲིལ་བསྒྲགས་སོགས་ལ་གནད་ལ་སྨིན་པོས་ཤུགས་བརྒྱབ་ནས་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་གཏམ་རྒྱུད་ཡག་པོ་བཤད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་རྩོམ་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།
(སྤེན་པ་ཚེ་རིང་གིས་སྒྱུར་ཞུས་བྱས)