《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月16日

ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)ཐེངས་བཞི་པ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཟླ་5ཚེས་14ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)ཐེངས་བཞི་པ་གཙོ་སྐྱོང་གནང་ཞིང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་འཐབ་ཕྱོགས་གཅིག་གྱུར་སློབ་དཔྱོད་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་རྟེན་གཞིའི་ཞིབ་འཇུག་པ་ཝུའུ་ཤའོ་ཀང་ཆེད་དོན་ཟུར་ཁྲིད་ལ་གདན་དྲངས་ཏེ《མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》ལ་གཅིག་སྡུད་སློབ་སྦྱོང་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་ལག་བསྟར་དོན་འཁྱོལ་གྱི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད།

ཡན་ཅིན་ཧའེ་ཡིས་བསྟན་དོན། མི་རིགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་ནི་མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་དང་འབྲེལ་བའི་དོན་ཆེན་ཞིག་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་ཀྲུང་ཧྭ་མི་རིགས་ཀྱི་དར་རྒྱས་གོང་འཕེལ་དང་འབྲེལ་བའི་དོན་ཆེན་ཞིག་བཅས་རེད། “གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་མཐོ་ཚད་ནས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་བསམ་སྦྱོར་གཅིག་མཐུན་ཡོང་བར་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་མི་རིགས་ལས་དོན་དེ་ཆེས་གལ་འགངས་ཆེ་བའི་གནས་བབ་ཏུ་བཞག་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་བཅས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིར་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བར་བྱེད་དགོས།

ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། གནའ་དེང་དཔྱད་གཞིར་འཛིན་པ་དང་རྒྱལ་ཁབ་ཕྱི་ནང་ལ་ཁྱབ་པར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་དུ་སྐྱོད་དགོས་པ་དང་། འཕེལ་ཕྱོགས་ཆེན་པོར་ལྟ་ཞིབ་དང་སྤྱི་ཡོངས་གསལ་པོ་ཤེས་པར་བྱས་ནས་མི་རིགས་ལས་དོན་འཐབ་ཇུས་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་གནས་བབ་གལ་ཆེན་ཁོང་དུ་ཆུད་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་སྤྱི་འདོམས་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་འབུལ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྣོན་དགོས། ཁྲིམས་འཛུགས་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་། ལྟ་སྐུལ་ལ་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། འཐུས་མིར་བརྟེན་ནས་འབྲེལ་ཟམ་འཛུགས་པ། འགན་འཁྲི་ཁུར་ནས་མིག་དཔེ་འདོན་པ་བཅས་བྱས་ཏེ། མི་རིགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་། མི་རིགས་ཀྱི་སྲིད་ཇུས་ཁོང་དུ་ཆུད་པ། མི་རིགས་ཀྱི་གོམས་སྲོལ་ལ་བརྩི་འཇོག མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱས་ནས་སེམས་ནང་སྤྱི་ཡོངས་ཡོད་པ་དང་། གཏམ་སྤྱོད་ལ་ཚད་ཡོད་པ། བྱ་བ་སྒྲུབ་སྐབས་འགན་འཁྲི་འཁུར་བ། འགྲོ་འོང་ལ་བརྩེ་བ་ལྡན་པ་བཅས་བྱས་ནས་རང་རྟོགས་ངང་ཁ་ཕྲལ་གྱི་གཏམ་སྤྱོད་འགོག་པ་དང་མི་རིགས་ཀྱི་ཕྱོགས་ཞེན་ལ་ངོ་རྒོལ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་དགོས།

(ཚེ་ལྷས་བསྒྱུར། པ་སངས་ཚེ་རིང་དང་ཚེ་ལྷས་ཞུས)