ལྷ་ས་གྲོང་ཨུད་ཀྱི་2026ལོའི“གཞི་རིམ་དུ་སྐྱོད་པ་བཞིའི”ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་དང་། ཏང་གི་གསུང་སྒྲ་བརྒྱུད་བསྒྲགས། གཞི་རིམ་མང་ཚོགས་ལ་ཞབས་ཞུ་བཅས་ཀྱི་ལས་འགན་ཏན་ཏིག་སྒྲུབ་ཆེད། ཉིན་ཤས་བསྟུད་མའི་རིང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཏང་ཙུའུ་ཡིས་འགན་འཁྲི་ཐེག་འཁུར་ཆེ་རུ་བཏང་ནས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ། འགན་གཙང་ལེན་གྱི་འབྲེལ་གཏུག་ས་ཚིགས་ཚལ་གུང་ཐང་ཁྲོམ་གཞུང་དུ་ཚོགས་རིགས་དབྱེ་བ་དང་སྣ་མང་ཅན་གྱི་སྒྲོག་འགྲེལ་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་དམངས་ཕན་སྲིད་ཇུས་ཁག་མི་སེམས་སུ་ཟུག་པ་དང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ་རེད།
ད་ཐེངས་ཀྱི་གཤམ་སྐྱོད་སྒྲོག་འགྲེལ་བྱེད་སྐབས་གཙོ་གནད་གཤམ་སྒྱུར་དང་། མི་སྣ་གཤམ་སྐྱོད། ཞབས་ཞུ་གཤམ་སྤེལ་བཅས་མཐའ་འཁྱོངས་བྱས་པས་འགན་གཙང་ལེན་གྱི་ས་ཁོངས་ཡོངས་ལ་ཁྱབ་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཁུག་གསེང་སྟོང་གསུམ་མ་ལུས་པ། སྲིད་ཇུས་སྒྲོག་འགྲེལ་ཚང་མར་ཁྱབ་པ་བཅས་བྱུང་ཡོད། མིག་སྔའི་བར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཚལ་གུང་ཐང་ཁྲོམ་གཞུང་གྱི་སྡེ་ཁུལ(གྲོང་ཚོ)5དང་དགོན་སྡེ་5རུ་བསྐྱོད་པར་འགན་གཙང་ལེན་གྱི་འབྲེལ་གཏུག་ས་ཚིགས་ཆ་ཚང་ཚུད་ཡོད་པ་དང་། སློབ་གྲྭ་12དང་གཉེར་སྐྱོང་བྱེད་པོ་29ལ་ཞིབ་བཤེར་བྱས་ནས་གནད་དོན་གྱི་མངོན་མེད་རྐྱེན་ངན་སྣ་ཚོགས་93གྲལ་བཤེར་བྱས་པའི་ནང་གནད་དོན་གྱི་མངོན་མེད་རྐྱེན་ངན་83འཕྲལ་དུ་དག་ཐེར་བྱས་པ་དང་གནད་དོན་10དུས་བཀག་ནང་དག་ཐེར་བྱེད་དགོས་པ་ཁ་གསལ་བཏོན་པ། དམིགས་འཛུགས་དཔྱིད་དུས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་པ་དེ་ཚལ་གུང་ཐང་ཁྲོམ་གཞུང་ཁོངས་གཏོགས་ཀྱི་སློབ་གྲྭ་21ཚང་མར་ཁྱབ་པ། དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་100ལྷག་ཙམ་དང་དྲིལ་བསྒྲགས་དངོས་རྫས་སྣ་ཁ་20ལྷག་ཙམ་སྤྲད་པས་མང་ཚོགས་ཆིག་སྟོང་ཙམ་ལ་ཕན་པ་ཐོབ་ཅིང་། བྱེད་ཐབས་ཏན་ཏིག་ལ་བརྟེན་ནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། བདེ་འཇགས་ལྟ་འདོམས། དམངས་ལ་ཞབས་ཞུ་བཅས་ཟུང་འབྲེལ་དམ་ཟབ་བྱས་པས་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།
གྲོང་ཚོ་དང་དུད་ཚང་མི་རེ་ངོ་རེར་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་ཤིང་། སྒྲོག་འགྲེལ་ལས་དོན་ཚོགས་ཆུང་གིས་དྲིན་སྐྱོང་གླིང་སྡེ་ཁུལ་དང་། ཚལ་སྡེ་ཁུལ། གུང་ཐང་སྡེ་ཁུལ། ཤན་ཁ་སྡེ་ཁུལ། དཔལ་སྡིངས་གྲོང་ཚོ་བཅས་སུ་བསྐྱོད་དེ་སྡེ་ཁུལ་གྱི་ལས་བྱེད་པ་དང་གྲོང་མི་མང་ཚོགས་དང་སྤེལ་རེས་བྱས་པ་དང་། མང་ཚོགས་ཀྱིས་གོ་བདེ་བ་དང་ངེས་བདེ་བའི་སྐད་ཆའི་ཐོག་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སོགས་གསལ་འགྲེལ་བརྒྱབ་པ་རེད། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་འཚོ་འགན་སྲུང་དང་། ལས་ཞུགས་ལས་གཏོད། ཁྲོམ་ར་ལྟ་འདོམས། འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་སོགས་གླེང་མང་བའི་གནད་དོན་ལ་དམིགས་ཏེ་དམངས་ཕན་བྱ་ཐབས་དང་དམངས་ཕན་སྲིད་ཇུས་འགྲེལ་བཤད་ཞིབ་ཚགས་བརྒྱབ་ཅིང་། ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་སེམས་གཏིང་གི་སྐད་ཆ་ཉན་པ་སོགས་ལ་བརྟེན་ནས་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་མང་ཚོགས་ཀྱིས་ཚོར་བར་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱས་ནས་གཞི་རིམ་གྱི་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་བློའི་ཐུན་མོང་ངོས་འཛིན་རྒྱུན་ཆད་མེད་པར་གཅིག་ཏུ་བསྒྲིལ་བ་རེད།
ཁེ་ལས་ལ་ག་སྦྱར་འདྲི་རྟོག་བྱས་ཏེ་ཚོང་གཉེར་བྱེད་པོའི་གདེང་ཚོད་འཕེལ་བར་བྱས་ཤིང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་སྒྲོག་འགྲེལ་ཚོགས་ཆུང་གིས་ཁོངས་གཏོགས་ཁུལ་གྱི་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་འཕེལ་རྒྱས་དགོས་མཁོར་དམིགས་ནས་ས་གཙང་ཁྲོམ་ར་དང་། ཧེང་ཐུང་ཞིང་ཟོག་ཁྲོམ་ར། སྒོ་རྩིས་ཚོང་ཁང་ཆེ་གྲས་སོགས་གཙོ་གནད་ཁུལ་དུ་བསྐྱོད་དེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་བཅས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་རྒྱལ་ཡོངས་ཚོགས་འདུ་གཉིས་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་སོགས་ཀྱི་གཙོ་གནད་སྙིང་པོ་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་ནས་ག་སྦྱར་གྱིས་ཁེ་ལས་ཀྱི་དཀའ་ངལ་བསལ་བ་དང་། འདྲ་མཉམ་འགྲན་རྩོད། སྤུས་ཚད་ལེགས་གཏོང་། སྤུས་རྟགས་སྐྱེད་སྲིང་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་སྒྲོག་འགྲེལ་བྱས་པ་རེད།
ཏན་ཏན་ཏིག་ཏིག་གིས་གཙོ་གནད་ལ་དམ་པོར་དམིགས་ནས་ལྟ་འདོམས་བྱེད་པ་དེ་སྒྲོག་འགྲེལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་། སྒྲོག་འགྲེལ་ལས་དོན་ཚོགས་ཆུང་གིས་ཁྲོམ་རར་ལྟ་འདོམས་བྱེད་པའི་གཙོ་འགན་གཙོ་ལས་དང་ཟུང་འབྲེལ་གྱིས་ལྟ་འདོམས་དང་སྒྲོག་འགྲེལ་ལ་དུས་གཅིག་ཏུ་སྐུལ་འདེད་དང་བདེ་འཇགས་དང་ཞབས་ཞུར་ཁ་ཕྱོགས་གཅིག་ཏུ་ཤུགས་རྒྱག་པ་མཐའ་འཁྱོངས་བྱས་ནས། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་སོགས་ཀྱི་ཟ་ཁང་དང་། ཚལ་གུང་ཐང་ཁྲོམ་གཞུང་གི་སྐར་གསོག་སྒོ་རྩིས་ཚོང་ཁང་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅུན་ཨན་སྨན་བཅོས་ཁང་སོགས་སྒོ་རྩིས་ཚོང་ཁང་དང་སྨན་རྫས་ཚོང་ཁང་། དེ་བཞིན་ལྷ་ས་དགེ་འོས་སློབ་གླིང་དང་བོད་ལྗོངས་ཆན་ཙང་ཅུས་ཨར་སྐྲུན་ཚན་རྩལ་ཚད་ཡོད་ཀུང་སི་སོགས་གཙོ་གནད་ཁུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད།
བློ་སེམས་གཅིག་མཐུན་གྱིས་ལྐོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་བརྟན་ལྷིང་དེ་གཞི་རིམ་གྱི་ལས་དོན་ཁག་ཚང་མའི་ནང་དོན་འཁྱོལ་ཡོང་བར་བྱས་ཤིང་། སྒྲོག་འགྲེལ་ལས་དོན་ཚོགས་ཆུང་གིས་སྔོན་ནས་བརྡ་མི་གཏོང་བ་དང་། ས་ཡུལ་དངོས་སུ་སྐྱོད་པ། སྐབས་བསྟུན་གྱི་འཐེན་བཤེར་བྱེད་པ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས། སློབ་བརྩོན་ལམ་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་ཚལ་གུང་ཐང་ཁྲོམ་གཞུང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སོགས་ཚན་པ་དང་། གུང་ཐང་དགོན་དང་བྱ་མཁར་རི་ཁྲོད་སོགས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་བསྐྱོད་དེ་སྒྲོག་འགྲེལ་གནད་སྨིན་བྱས་པ་རེད།
གཞི་རིམ་དུ་ཕྱོགས་ཡོངས་དང་ཟུར་ཚད་མང་བའི་སྒྲོག་འགྲེལ་བྱེད་པར་བརྟེན་ནས། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རིམ་ཁག་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་དེ་གཞི་རིམ་དུ་ལས་སྒྲུབ་ལས་གཏོད་བྱེད་པའི་བྱ་སྤྱོད་ཀྱི་རང་རྟོགས་སུ་བསྒྱུར་པ་དང་། དམངས་ཕན་སྲིད་ཇུས་ཁག་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་། ཤེས་ཐུབ་པ། ཚོར་ཐུབ་པ་བཅས་ཀྱི་ཕན་འབྲས་དངོས་ལ་བསྒྱུར་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། གཞི་རིམ་དུ་གཞི་ཚུགས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས། ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་པ་རེད།
(བསྟན་འཛིན་དང་ཚེ་སྒྲོལ་གྱིས་སྒྱུར་ཞུས་བྱས)