《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月13日

རྩོམ་རིག་ནང་གི་ཆ་འཕྲིན་དང་རྩོམ་ལུས་བསྒྱུར་སྟངས་ཀྱི་དཔྱད་ཕྲན།

སྤྱིར་ལོ་ཙྭའི་ཁྱབ་ཁོངས་འདི་ནི་འཛམ་གླིང་གི་ཁྱོན་ན་ཤིན་ཏུ་དཔོག་དཀའ་བའི་ཤེས་རིག་གི་མཐའ་ཡས་རྒྱ་མཚོ་ལྟ་བུ་ཞིག་ཡིན་ལ། ཡང་སྒོས་གསར་འགྱུར་ཆ་འཕྲིན་གྱི་ལོ་ཙྭའི་ལས་སུ་ཞུགས་པའི་ངེད་ཚོར་ཆ་མཚོན་ན་ཉིན་ལྟར་འཕྲད་འོང་བའི་མིང་ཚིག་ཐ་སྙད་དང་། ཚིག་ཁྱིམ། དེ་བཞིན་ཕྱི་སྣོད་འཇིག་རྟེན་ནས་ནང་བཅུད་སེམས་ཅན་བར་གྱི་བྱ་དངོས་ཕོན་ཆེན་ཞིག་ལ་རྒྱུས་མངའ་ལོན་པར་བྱེད་དགོས་ལ་དེ་ནས་རང་ངོས་ཀྱི་ཞབས་འདེགས་ཞུ་ཡུལ་གང་ཡིན་པ་དེར་འཕྱུགས་པ་མེད་པའི་སྒོ་ནས་བུ་ཡིག་སྤྱན་བསྟར་ཞུ་དགོས་པའི་དབང་གིས། ཚད་ལྡན་གྱི་ལོ་ཙྭ་བ་ཞིག་ལ་ལྡན་དགོས་པའི་ཆ་རྐྱེན་ནི་རྣམ་དཔྱོད་ཡངས་པོས་ཤེས་རིག་གི་གནས་མང་པོར་རྒྱུན་ཆད་མེད་པའི་སློབ་སྦྱོང་གི་འབད་བརྩོན་ལ་བསྟེན་དགོས་པ་ནི་ཨ་ཅང་བརྗོད་མེད་རེད།

རང་རང་ལས་ཀའི་དགོས་དབང་གིས་ངེད་ཚོས་སྒྲུབ་དགོས་པ་ནི་ཉིན་ལྟར་གཞུང་ཕྱོགས་ཀྱི་གསར་འགྱུར་དང་ཆ་འཕྲིན་ཡིག་བསྒྱུར་དེ་ཡིན་ལ། དེའི་ཁྲོད་དུ་རྩོམ་ལུས་མི་འདྲ་བའང་ཡོད་པ་དཔེར་ན། སྐབས་ཐོག་སྲིད་དོན་གསར་འགྱུར་དང་། གསར་འགྱུར་རྒྱས་འཕྲིན། བསྡུས་གསལ་གསར་འགྱུར། གསར་འགྱུར་གྱི་གཏམ་རྒྱུད་ཐུང་ངུ་། དཔོན་རིགས་ཀྱི་གཏམ་བཤད། དཔྱད་གཏམ། ཚན་རྩལ་ཞབས་ཞུའི་རིགས་ཀྱི་རྒྱུན་ཤེས་སོགས་ཕོན་ཆེན་ཡོད་པས་མ་ཚད། ཚགས་པར་གྱི་རྩོམ་རིག་ལེ་ཚན་ཡང་ཡོད་པས་བསྒྱུར་བྱེད་ཀྱི་བླང་བྱ་དང་རེ་བ་ནི་ཤིན་ཏུ་མཐོ་བ་ཞིག་ཡིན།

འདིར་སྐབས་ཐོག་དཔྱད་ཕྲན་ནམ་སློབ་སྦྱོང་གི་མྱོང་བ་ཕྲན་བུ་གླེང་བར་བྱ་བ་ནི་རྒྱ་ཡིག་ཚགས་པར་རྩོམ་རིག་ལེ་ཚན་ནང་འཁོད་པའི་རང་མོས་སྙན་ཚིག་ཐུང་ངུ《奇达村的那座“红桥”》ཞེས་པའི་བོད་འགྱུར་མ“ཁྱིམ་མདའ་གྲོང་ཚོར་གསེར་གྱི་ཟམ་པ་ཡོད”ཅེས་པའི་ཆ་འཕྲིན་གྱི་གོ་བ་ལེན་ཕྱོགས་དང་རྒྱ་ཡིག་གི་རང་མོས་སྙན་རྩོམ་དུ་འབོད་པ་དེའི་རྩོམ་ལུས་དེ་བོད་བསྒྱུར་བྱས་པའི་ཚིག་བཅད་སྙན་རྩོམ་གྱི་འགྱུར་བར་སློབ་སྦྱོང་མཉམ་སྤྱོད་ཚུལ་གྱིས་དཔྱད་པ་ཕྲན་བུ་བྱེད་པར་འདོད།

1 གནད་ཚིག་གི་གོ་བ་ལེན་སྟངས།

བོད་འགྱུར་བྱས་པའི་སྙན་རྩོམ་འདིའི་ནང་དུ་ལོ་ཙྭ་བས་རྒྱ་ཡིག་གི་གནད་ཚིག་དཔེར་ན། 锈迹斑斑 腐朽发霉 红军飞渡 饥饿难忍ལྟ་བུ་དེ་དག་དང་དེ་དག་ལ་སོགས་ཀྱི་གོ་བ་ལེན་སྟངས་ལ་དང་དོད་ཆེན་པོ་བགྱིས་ཏེ། བོད་ཡིག་ལམ་ནས་རྩོམ་ཡིག་གི་སྙན་ཆ་འདོན་སྟངས་ཐད་ལ་རང་རང་གི་བློ་རིག་ཁྱད་ཆོས་མངོན་ཡོད་དེ།

དཔེར་ན། 奇达村里有座年久的铁索桥/铁索锈迹斑斑/木板腐朽发霉/足以勾起当年那段红军飞渡的悲壮历史 ལྟ་བུའི་བུ་ཡིག་ཏུ། ཁྱིམ་མདའ་གྲོང་ཚོར་གསེར་གྱི་ཟམ་པ་ཡོད། །བཙའ་ཡིས་ཟས་པའི་ལྕགས་ཐག་སེར་འཛར་འཛར། །ཟམ་ཤིང་རུལ་བའི་བམ་དྲི་སྐྱུར་འཚུབ་འཚུབ། ཁྱིམ་མདའ་གྲོང་ཚོའི་ལྕགས་ཟམ་རྙིང་རོ་དེས། །དམར་དམག་མྱུར་པོར་བགྲོད་ཚུལ་ལོ་རྒྱུས་དྲན་ཞེས་དང་།

只是这桥上经常掉下的/不是受伤的战士,而是/饥饿难忍的牦牛/肥沃的牧场,在河的对岸/每逢春天,牧草的诱惑如少女般发育成熟/引发牦牛无限的相思ཞེས་པའི་བུ་ཡིག་ཏུ། བཀྲེས་སྐོམ་བཟོད་ཐབས་མ་རྙེད་འབྲི་གཡག་ཁྱུ། །དཔྱིད་ཀྱི་རྩྭ་ས་མཆོར་སྒེག་ན་ཆུང་མའི། །ལང་ཚོར་འཕྲུལ་བཞིན་ཆུ་བོའི་ཕ་མཐའ་རུ། །དགའ་མགུར་སྤྱོད་པའི་འདུན་པ་དྲག་ཏུ་འཕྱུར། །ལྟ་བུ།

但雪山融化带来的河水,也与气温一块上涨/如锋利无比的刀子,切断了渡河的希望/爱而不得,彼岸的牧草/让牦牛望眼欲穿/肝肠寸断ཞེས་པའི་བུ་ཡིག་ཏུ། གངས་ཆུ་བཞུར་བཞིན་ཆུ་བོ་རྒྱས་དང་གཅིག །མཁའ་རླུང་དྲོས་ཏེ་རྦ་རླབས་འཕྱུར་དང་གཉིས། །ཟམ་པ་བརྒལ་བའི་རེ་ཐག་ཆད་དང་གསུམ། །འབྲི་གཡག་ཆུ་བོའི་གད་ཁར་ཀེ་རེར་ལུས། ལྟ་བུ།

ཡིག་སྒྱུར་གྱི་བརྒྱུད་རིམ་ནང་བསྒྱུར་བྱའི་མ་ཡིག་གི་དངོས་ཤུགས་གཉིས་ཀྱི་བསྟན་དོན་དང་ལོ་རྒྱུས་རྒྱབ་ལྗོངས། རྩོམ་ཉམས། ཡུལ་གོམས་གཤིས་ལུགས་སོགས་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པ་རྨང་གཞིར་བྱས་ཏེ། གང་ལ་གང་འོས་ཀྱི་སྒྱུར་ཐབས་སྤྱད་ནས་འགྱུར་མའི་ཀློག་པ་པོའི་བསམ་པའི་འཁྱེར་སོ་དང་མཐུན་ཆེ་བ། དམངས་ཁྲོད་ཀྱི་སྐད་ལུགས་དང་འཐད་པ། བོད་སྐད་ཀྱི་སྐད་སྲོལ་ནས་བརྩམས་པ་ལྟ་བུ་ཞིག་བྱུང་ན་ནི་འགྱུར་བཟང་པོ་ཞིག་ཏུ་འགྱུར་ངེས་ཡིན། དཔེར་ན། 在牧民扎西家里。看到/摔断腿的牦牛,痛苦哞叫/诉说着到达彼岸的渴望ཞེས་པའི་བུ་ཡིག་ཏུ། འབྲོག་པ་བཀྲ་ཤིས་ཚང་ལ་བསྐྱོད་ཚེ་ན། །རྐང་ལག་ཞ་བོར་གྱུར་པའི་གཡག་གུ་ཞིག །ཟུག་རྔུས་མནར་ཏེ་འཁུན་སྒྲ་སྦྱིན་པ་མཐོང་། །ཀྱེ་ཧུད་དེ་འདྲའི་ཐབས་ཟད་འུ་ཐུག་ཨང་། །ལྟ་བུ།

告诉我们,它与人类一样热爱春天/铁索桥虽然危险/但一旦渡过/日子就会像天堂的爱情般幸福美满/建造新桥的念头/在援藏干部心里不停滋长/提上了重要议事日程,并用中国特色的方式/列入援藏重点项目/建桥的方案,像婚礼的仪式般改了又改:/“不仅要牦牛能走,还要让汽车通行”/于是铁索换成了钢梁,桥面浇筑上了厚厚的水泥ཞེས་པའི་བུ་ཡིག་ཏུ། ཉམ་ཐག་དེ་འདྲ་ལྟ་བས་མི་བཟོད་པས། །འབྲི་གཡག་ཙམ་མིན་རླངས་འཁོར་ཤར་བགྲོད་ཀྱི། །གསེར་གྱི་ཟམ་པ་བསྐྲུན་པའི་ཇུས་ཆེན་ཞིག །བོད་སྐྱོར་ལས་བྱེད་ཐུགས་ལ་དེ་མུར་འཁྲུངས། །གཉེན་སྟོན་མཛད་སྒོའི་ཇུས་ཆ་འདོན་པ་བཞིན། །ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྣམ་གྲངས་དེར། །ངར་ལྕགས་གདུང་མ་མཐུག་པོའི་ཨར་འདམ་བཅས། །སྤྱོད་པར་རིགས་སོ་བཞེད་མཐུན་ཐུགས་གྲ་འགྲིག །ལྟ་བུ།

新桥开通那天,无数滂沱的泪水/溢满了古老的河床/湿透了村民们胸前的衣裳/把这座桥命名为“红桥”吧/是你们,送来了普照的阳光/让藏北的牧民感受到北京的温暖/他们用洁白的哈达表达着千言万语/脸上的高原红热血般沸腾/足以融化古老的冰川/无数村子里的“红桥”,拉近了雪域与外界的距离/海鲜从沿海出发,每天乘坐航班到高原出差/牦牛肉翻山越岭,成为世上奢侈的美餐/藏味的民歌,让纷繁复杂的舞台耳目一新/最偏远的牧区,都已看上了央视春晚/格桑花散发着对新时代的感恩/堆砌起共同富裕的梦想。ཞེས་པའི་བུ་ཡིག་ཏུ། ཀ་དག་སྲིད་པའི་ཆུ་ཆེན་གཉའ་ཐོག་ལ། །ཁ་ཐུག་འདྲོངས་པའི་དེང་རབས་ཟམ་ཆེན་བསྐྲུན། །ག་དུས་འགྲོ་འོང་བྱས་ཀྱང་འགོག་མེད་ཀྱིས། །ང་འོ་སྙམ་པའི་སྤོབས་སེམས་མཆི་མ་འཁྱིལ། །བྱང་ཐང་འབྲོག་པར་དྲོ་སྐྱིད་འོད་སྣང་བསྩལ། །པེ་ཅིང་གསེར་གྱི་རི་བོའི་དྲོད་ཁོལ་ཚོར། །དེ་ཡི་བྱེད་པོ་བོད་སྐྱོར་ལས་བྱེད་པར། །ལྷ་རེག་དཀར་གཙང་བསྒྲོན་ཏེ་དྲིན་ཚོར་སྒོམ། །བདེ་མོ་བདེ་མོའི་ཡུལ་ལ་འགྲོ་འདོད་ཀྱིས། །དྲག་པོ་དྲག་པོའི་ཆུ་བོར་ཟམ་ཆེན་བསྐྲུན། །འཛོམས་པོ་འཛོམས་པོའི་ཚོང་ཟོག་ཆ་འཕྲིན་སོགས། །དེ་མ་དེ་མུར་ལུང་ཁུག་འབྲོག་སར་འབྱོར། །སྐལ་བཟང་མེ་ཏོག་བསུང་ངད་གང་སར་མཆེད། །འབྲོག་མོའི་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར། །དུས་རབས་གསར་པའི་དྲིན་ཚོར་མཚོན་སླད་དུ། །གསེར་གྱི་ཟམ་པའི་སྙན་གྲགས་འཕེལ་གྱུར་ཅིག །ལྟ་བུ་སོགས་ནི་ལོ་ཙྭའི་ལས་དང་པོ་བ་ཞིག་ཡིན་པའི་དབང་དུ་བྱས་ན། ཆ་འཕྲིན་གྱི་དུས་ཚོད་རང་བཞིན་དང་གོ་བདེ་ཤེས་སླའི་བླང་བྱ། སྙིང་དོན་དེ་མུར་བཏོན་དགོས་པའི་རེ་བ་དང་བསྟུན་ན། རྩོམ་ཡིག་འདི་ནི་ཚིག་ཁྱིམ་གྱི་རྐང་པ་བཅད་པ་ཙམ་ལས་བུ་ཡིག་ཧྲིལ་པོ་ཚིག་ལྷུག་གི་རྣམ་པའི་ཐོག་ནས་གཏམ་རྒྱུད་ཐུང་ངུ་བརྗོད་པ་ཞིག་དང་ཁྱད་པར་ཆེར་མེད་ཀྱང་། ལོ་ཙྭ་བས་བོད་རྩོམ་གྱི་ངག་ལ་བདེ་ཞིང་མཁྲེགས་ཚིག་མ་སྤྱད་པའི་སྙན་རྩོམ་གྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཡོད།

2 རྩོམ་ལུས་ཀྱི་འགྱུར་ལྡོག་ཁྱད་པར།

གཞུང་ཕྱོགས་ཀྱི་ཚགས་པར་ནི་ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་དང་མི་དམངས་ཀྱི་རེ་འབོད་དམ་བདེ་སྐྱིད་མཚོན་པར་བྱེད་སའི་གླེང་ཕྱོགས་ཀྱི་སྨྱན་སྦྱོར་ཞིག་ཡིན་པས། རྩོམ་ཡིག་འདིའི་མ་ཡིག་ནི་སྒྱུ་རྩལ་གྱི་རིན་ཐང་གཙིགས་ཆེར་མ་བྱས་པའི་བསྟོད་པ་འབུལ་སྟངས་ཀྱི་རྩོམ་ལུས་ཤིག་ཡིན། ཡུལ་ཕྱོགས་ཤིག་གི་རྗེས་ལུས་དང་ཡུལ་ཕྱོགས་དེ་རུ་ཐོན་པའི་འགྱུར་ལྡོག་ཆེན་པོར་མི་དམངས་མང་ཚོགས་ཀྱིས་དགའ་འབོད་བྱེད་པ་དེ་ནི་སྐྱེ་བོ་ཀུན་གྱི་རང་གཤིས་སུ་གྲུབ་ལ་དགའ་འབོད་བྱེད་དགོས་ངེས་ཀྱི་བྱ་དངོས་ཤིག་ཡིན་པས། མ་ཡིག་གི་རྩོམ་ལུས་འདི་ལ་ཚགས་པར་གྱི་རྩོམ་སྒྲིག་པས་རང་མོས་སྙན་ངག་གི་རྩོམ་སྒྲིག་ཐབས་ལམ་སྤྱད་དེ་པར་ངོས་ཐོག་བཀོད་སྒྲིག་བྱས་པ་འདིའང་རྩོམ་སྒྲིག་པའི་འཇོན་ཐང་ཞིག་ཡིན་པས་ན། ལོ་ཙྭ་བས་གཞི་རིམ་གྲོང་གསེབ་ཏུ་ཐོན་པའི་འཕོ་འགྱུར་གྱི་བརྗོད་བྱ་འདིར་སྣང་ཆུང་མ་བྱས་པར། མ་ཡིག་རང་མོས་སྙན་ངག་འདི་ཡང་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་རྩོམ་ལུས་སུ་ཕབ་ཡོད། ལོ་ཙྭའི་ལག་ལེན་གྱི་ཁྲོད་དུ་ཐབས་ཤེས་སྣེ་མང་ལ་ཚོད་ལྟ་བྱེད་པ་དེའང་རང་རང་གི་ཁྱད་ཆོས་འདོན་སྤེལ་དང་རང་ངོས་ཀྱི་ཆུ་ཚད་གོང་མཐོར་གཏོང་བའི་ཐབས་ལམ་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད།

(བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་པདྨ་ཆོས་སྒྲོན)