འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཨུད་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གྲྭ)སྒོ་བྱང་གི་ཡོལ་ཁེབས་ཕྱེ་བའི་མཛད་སྒོ་གཉེར་ཞིང་། དེ་ཐོག་ནས་སྣེ་གདོང་ཆུས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་དུས་མཚམས་གསར་པར་སླེབས་པ་མཚོན་ཞིང་། སྣེ་གདོང་ཆུས་ཀྱི་ཏང་ཡོན་ལས་བྱེད་པས་བློ་སྒྲིལ་སེམས་སྐྱེད་དང་འཇོན་ཐང་ཆེ་རུ་གཏོང་བར་ཆེད་གཏོགས་ལས་སྟེགས་བཏོད་ཡོད་པ་རེད།
སྣེ་གདོང་ཆུས་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་ཞིང་། ད་ཐེངས་ཏང་གི་སློབ་གྲྭའི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བ་དེ་ནི“ཏང་གི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་དང་། ཏང་གི་ཆེད་དུ་ཐབས་ཇུས་འདོན་པའི”ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་སྲུང་བའི་དངོས་སྒྲུབ་བྱ་ཐབས་ཤིག་ཡིན་པས། ས་གནས་དེ་གའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཐབ་སའི་ཞན་ཆ་ནུས་ལྡན་བསལ་བ་དང་། དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ནུས་པ་ཆེ་རུ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གཏིང་ཟབ་ལྡན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྣེ་གདོང་ཆུས་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གྲྭ)དུས་ཐེངས་དང་པོའི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་གི་རྣམ་གྲངས་2024ལོའི་ཟླ་བ་5པར་ལས་འགོ་ཚུགས་ཤིང་། 2025ལོའི་ཟླ་བ་6པར་ལས་མཇུག་འགྲིལ་ནས་རྩིས་སྤྲད་པ་དང་། སྤྱིའི་རྒྱ་ཁྱོན་མུའུ་14.28ཟིན་པར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་2693.16བཏང་ཡོད། སློབ་གྲྭར་སྨྱན་མང་སློབ་ཁང་དང་། རིག་ལྡན་སློབ་ཁྲིད་ལས་སྟེགས། དྲ་ཐོག་སློབ་སྦྱོང་མ་ལག་སོགས་དེང་རབས་ཅན་གྱི་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཡོད་པས། སློབ་ཁྲིད་རིག་ནུས་ཅན་དང་དོ་དམ་ཆ་འཕྲིན་ཅན་ཐུབ་པ་དང་། དུས་གཅིག་ལ་འཛིན་གྲྭ་5ཡི་སློབ་མ་550ཤོང་བ་མ་ཟད། དུས་རབས་གསར་པའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སྣ་མང་ཅན་གྱི་དགོས་མཁོ་གང་ལེགས་བསྐངས་ཏེ། སྣེ་གདོང་ཆུས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་པ་རེད།
(པ་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)