འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཟླ་5ཚེས་8ཉིན་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཏེ། 2021ལོའི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་གྱི་ལས་ཀའི་ཕན་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་བྱས་པ་མ་ཟད། 2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཞིག་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་འཕེལ་རྒྱས་དམིགས་ཚད་དང་ལས་འགན་དོན་འཁྱོལ་ལ་དམིགས་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཏེ། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི“དམ་འཛིན་གཅིག་དང་སྐུལ་འདེད་གཉིས”མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ལས་བྱེད་པའི་གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་པ། རྒྱུན་རྣམ་ཅན་གྱི་སྒོ་ནས“ཐུན་མོང་ལྔ་དང་སྲ་བརྟན་ལྔའི”ཆ་འགྲིག་མཉམ་སྐྲུན་བྱེད་པ། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་ཡོན་འཕེལ་རྒྱས་དང་སློབ་གསོ་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། རྒྱུན་སྲིང་ལྷོད་མེད་ངང་གཞི་རིམ་དམ་འཛིན་དང་། རྨང་གཞི་བརྟན་གཏོང་། རྩ་བ་བརྟན་གཏོང་བཅས་ཀྱི་ལས་འགན་ཁག་ལ་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཚགས། དམ་འཛིན་གནད་འཁེལ་བཅས་བྱེད་པ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གི་ཞབས་ཞུར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་རིང་རྩ་འཛུགས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་རྩ་འཛུགས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
(ཚེ་ལྷས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)