《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月10日

༄༅། །དུས་བཞིའི་དྲན་པ།

རྡོ་རྗེ་ཐར་ལམ།

དཔྱིད་འགོར་ཁུ་བྱུག་གྲགས་དུས་ཁྱོད་རང་དྲན། །

ས་གཞིར་ལྗང་མྱུག་རྒྱས་དུས་ལྷག་ཏུ་དྲན། །

སྣང་བའི་རི་ཀླུང་ཁྲོད་ཀྱི་ཤེའུ་ཆུང་ཁྱོད། །

དཔྱིད་འགོའི་སྨུག་ཆར་ཀློང་གི་མཛེས་སྡུག་ཡིན། །

དབྱར་ཁར་ཆར་པ་བབས་དུས་ཁྱོད་རང་དྲན། །

མེ་ཏོག་འདབ་བརྒྱ་གྲོལ་དུས་ལྷག་ཏུ་དྲན། །

ཞེ་ཡི་སྐྱེད་ཚལ་ཉུལ་བའི་རྐང་དྲུག་ཁྱོད། །

དབྱར་ཟླའི་ལྗང་མདོག་ཁྲོད་ཀྱི་དྲན་ཤིང་ཡིན། །

སྟོན་མཇུག་མཚོ་མོ་དྭངས་དུས་ཁྱོད་རང་དྲན། །

ནོར་འཛིན་སེར་པོར་གྱུར་དུས་ལྷག་ཏུ་དྲན། །

དྲན་པའི་མཚོ་མཐར་རྒྱུ་བའི་ངང་ཆུང་ཁྱོད། །

སྟོན་མཇུག་སྔོ་ལྗང་མཚོ་ཡི་རྒྱན་ཆ་ཡིན། །

དགུན་ཁར་ཁ་བ་བབས་དུས་ཁྱོད་རང་དྲན། །

རླུང་བུ་འུར་འུར་ལྡང་དུས་ལྷག་ཏུ་དྲན། །

ཡིད་ཀྱི་ནམ་མཁར་ལྡིང་བའི་ཆུང་འདྲིས་ཁྱོད། །

དགུན་ཟླའི་ལྷགས་རླུང་ཁྲོད་ཀྱི་མེ་དྲོད་ཡིན། །

འགྱུར་ལྡོག་མང་བ་ནམ་ཟླའི་འཁོར་ཕྱོགས་ཡིན། །

ཁྱོད་རང་དྲན་པ་སེམས་ཀྱི་ལན་ཆགས་ཡིན། །

ན་ཚོད་འགྱུར་བ་འཇིག་རྟེན་ཆོས་ཉིད་ཡིན། །

བརྗེད་རྒྱུ་མེད་པ་བརྩེ་བའི་ཟབ་ཚུལ་ཡིན། །