མི་ལོ་བཅོ་ལྔའི་སྔ་རོལ་དུ། ང་རང་བོད་ལྗོངས་ནག་ཆུའི་གྲོང་ཚོ་ཞིག་ཏུ་བཅའ་སྡོད་བྱེད་རིང་། གྲོང་ཚོའི་འབྲོག་ཁྱིམ་དཔེ་ཁང་ནས་ངས《བོད་ལྗོངས་ཉིན་རེའི་ཚགས་པར》ཐེངས་དང་པོ་མཐོང་། དེ་ཡང་ལྷིང་འཇགས་ཀྱི་དཔེ་ཁང་དེའི་གྲུ་ཟུར་ཞིག་ཏུ་བོད་ཡིག་གི་ཚགས་པར་ཆག་པ་ཞིག་བཞག་འདུག་པ་མིག་མདུན་དུ་གསལ་ལེར་མངོན། དེ་ནི་ཏག་ཏག་བོད་ལྗོངས་ཉིན་རེའི་ཚགས་པར་རེད། ངས་ཚགས་པར་ཕར་སློག་ཚུར་སློག་བྱེད་བཞིན་ཞར་བཀོད་ཀྱི་ལེ་ཚན་གཞན་དག་མུ་རུ་བཀླགས་པ་ཡིན་ལ། དེར་འཁོད་པའི་ལྷུག་རྩོམ་དང་སྙན་ངག་གིས་ཁོ་མོའི་ཡིད་དབང་ཅིག་ཅར་དུ་འཕྲོག་ཅིང་། ལྷག་པར་རྩོམ་རིག་དགའ་ཚལ་ཞེས་པའི་ལེ་ཚན་དེས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་བྱུང་། དེ་ནས་བཟུང་། བོད་ཡིག་ཚགས་པར་དེ་ནི་ངའི་གྲོང་སྡོད་རིང་གི་ཉིན་དཀར་གྱི་འགྲོ་རོགས་དང་མཚན་མོའི་འདུག་རོགས་ཡག་ཤོས་སུ་གྱུར་ལ། ངའི་འཚོ་བའི་ཁྲོད་ཀྱི་རེ་ལྟོས་བྱེད་ས་ཞིག་དང་མིག་ཞགས་འཕེན་ས་ཞིག་ཏུའང་གྱུར། མ་ཟད་ཚགས་པར་ལ་གཞན་དང་མི་འདྲ་བའི་བརྩེ་བ་ཟབ་མོ་ཞིག་ཀྱང་ཆགས། ལས་དེའི་དབང་གིས་ལོ་ཁ་ཤས་ཀྱི་རྗེས་སུ་ང་རང་ཡང་ས་མཐོའི་ཚགས་པར་བ་ཞིག་ཏུ་གྱུར།
ང་རང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ལས་མི་ཞིག་ཏུ་གྱུར་པའི་ཉིན་དེ་ནས་བཟུང་། ལས་ཁུངས་ཀྱི་ལས་ཀ་གཉེར་ལུགས་དང་། མི་དང་མིའི་དབར་གྱི་འབྲེལ་བ། བརྒྱུད་རོགས་ཁྲིད་གསུམ་གྱི་སྲོལ་རྒྱུན་བཟང་པོ་བཅས་ལས་གཞན་ནས་ཚོར་མི་ཐུབ་པའི་སྣང་བ་ཟབ་མོ་ཞིག་སྦྱིན། ཚགས་པར་ལས་ཁུངས་ཀྱི་སྒོ་ཐེམ་དུ་གོམ་པ་དང་པོ་སྤོས་པའི་ཉིན་མོ་དེར། ངས་ཚགས་པར་འདོན་པའི་བརྒྱུད་རིམ་ཧྲིལ་པོ་མཐོང་བྱུང་ལ། དེ་དང་འབྲེལ་བའི་དཀའ་ངལ་དག་ཀྱང་གཞི་ནས་ཚོར། བོད་ཡིག་གི་ཚགས་པར་དེ་ནི་ལག་པ་འགུལ་ཙམ་གྱིས་གྲུབ་པ་ཞིག་གཏན་ནས་མ་ཡིན་ལ། དེ་ནི་ཀ་མད་སུམ་ཅུ་རྡོ་ཆག་བཙན་སྒྲིག་བྱས་ནས་བྱུང་བ་ཞིག་དེ་བས་ཀྱང་མིན་པར། ལས་དེར་གཞོལ་མཁན་མང་པོ་ཞིག་གི་བློ་གྲོས་དང་ངལ་བ་ལས་བྱུང་བ་སྨོས་མ་དགོས། ང་རང་གནས་སའི་ཡིག་སྒྱུར་ཚོགས་ཆུང་ནི་ཚགས་པར་གྱི་སྲོག་ཤིང་དང་རྩིག་རྨང་ལྟ་བུ་ཡིན་ཞིང་། ཡིག་སྒྱུར་གྱི་ལེགས་ཉེས་ཀྱིས་ཚགས་པར་ཡོངས་ཀྱི་སྤུས་ཚད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་བས་ལས་ཀ་དེར་ཞུགས་མ་ཐག་གནོན་ཤུགས་རི་རབ་ལྟ་བུ་ཞིག་ཡོད་ཀྱང་། ངང་རྒྱུད་རིང་ཞིང་གཤིས་རྒྱུད་དྲང་བའི་རྒན་ལགས་རྣམ་པ་དང་ལས་རོགས་ཚོའི་བྱམས་བརྩེའི་རོགས་རམ་འོག དུས་དེ་རིང་ཚགས་པར་ཡིག་སྒྱུར་གྱི་འགན་ཡོངས་སུ་འཁུར་མི་ཐུབ་ནའང་ལས་ཀ་དེར་འབད་པའི་གདེང་ཚོད་དེ་བས་ཆེ་རུ་ཕྱིན་ཡོད་པ་ནི་རྒན་ལགས་ཁོང་ཚོའི་བཀའ་དྲིན་ལས་མ་འདས་པས། བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་མཚམས་འདིར། ཚགས་པར་བརྒྱུད་དེ་རང་ཉིད་ཀྱི་ཡིག་སྒྱུར་ལམ་ཁར་ཕྱིར་ལྟ་ཞིག་བྱས་ཚེ། ལས་ཀ་འདི་ནི་ཡི་གེ་བསྒྱུར་བ་ཁོ་ན་ཙམ་མ་ཡིན་པར། དེ་ནི་རིག་གནས་རྒྱུན་འཛིན་དང་དུས་རབས་དང་བསྟུན་ནས་གསར་གཏོད་བྱེད་པའི་ལག་ལེན་ཟབ་མོ་ཞིག་ཡིན་པ་ངང་གིས་ཚོར།
《བོད་ལྗོངས་ཉིན་རེའི་ཚགས་པར》གྱིས་ཏང་གི་སྲིད་ཇུས་དང་ཡིག་ཆའི་དགོངས་དོན་གཙོར་བྱས་པའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྐྱེ་ཁམས་སོགས་ཀྱི་ནང་དོན་སྣ་ཚོགས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ནས་འགོད་ཀྱི་ཡོད་པ་མ་ཟད། ཞོར་བཀོད་ལེ་ཚན་དག་ཀྱང་རྩོམ་སྒྲིག་བྱས་ནས་སྤེལ་གྱི་ཡོད། མིག་སྔར《བོད་ལྗོངས་ཉིན་རེའི་ཚགས་པར》དང་། 《མི་དམངས་ཉིན་རེའི་ཚགས་པར》 《ཁྲིམས་ལུགས་ཚགས་པར》 《དེང་གི་བོད་ལྗོངས》བཅས་བོད་ཡིག་ཚགས་པར་བཞི་དང་། བོད་ཡིག་གི་དྲ་ཚིགས་གཅིག བོད་ཡིག་གི་སྐད་འཕྲིན་སྤྱི་སྟེགས་གཉིས། བོད་ཡིག་དུས་དེབ་གཅིག་བཅས་ཡོད། ཉིན་རེའི་ཚགས་པར་གྱི་ནང་དོན་རྩོམ་སྒྲིག་བྱས་ནས་ཡིག་སྒྱུར་ཚོགས་ཆུང་གི་ཡིག་སྒྱུར་བ་ཚོའི་ལག་ཏུ་འབྱོར་རྗེས། ང་ཚོས་ཐོག་མར་མ་ཡིག་རགས་ཙམ་བཀླགས་ཏེ་ནང་དོན་དངོས་སྒྱུར་འགོ་འཛུགས་པ་དང་། དེ་ནས་མི་གཉིས་རེ་ཚོགས་ཆུང་གཅིག་ཏུ་བྱས་ནས་མ་ཡིག་དང་བུ་ཡིག་གཉིས་ཀར་བལྟས་ནས་ཞུ་དག་གཏོང་དགོས། དེ་རྗེས་མ་ཡིག་གི་དགོངས་པ་གཙོ་བོར་འཛིན་པ་དང་བུ་ཡིག་གི་བརྡ་སྤྲོད་གཙོ་བོར་བཟུང་ནས་ཞུ་དག་མཐའ་མ་དེ་བཏང་སྟེ། རྩོམ་སྒྲིག་པ་དང་མཐའ་ཞུས་རྒན་ལགས་རྣམ་པར་རྩིས་སྤྲོད་ཀྱི་ཡོད། བལྟས་ན་ལས་སླ་བའི་ཡིག་སྒྱུར་ནི་དོན་ལ་རྨང་གཞིའི་ཤེས་བྱ་ངེས་ཅན་འཛོམས་དགོས་ལ་བློ་ཞིབ་མོ་དང་ཚགས་ཚུད་པོས་སྒྲུབ་དགོས་པ་ཞིག་ཡིན་པས། ངས་རང་ཉིད་ཀྱི་ཕྲག་གི་འགན་འཁྲི་ལྕི་པོ་ཡིན་པ་གསལ་པོར་ཤེས་ཡོད་ལ། ཡིག་སྒྱུར་གྱི་ལས་ལ་འབད་ཐེངས་རེར་དེར་བཅངས་པའི་བརྩེ་བ་དང་ཀློག་པ་པོའི་རེ་སྒུག་སེམས་ལ་བརྟན་པོར་བཅངས་ནས། ཡིག་སྒྱུར་ལས་རིགས་དང་དབྱངས་གསལ་ལ་བརྒྱུས་པའི་བརྩེ་བ་འདིར་འབད་པ་ལྷུར་ལེན་བྱས་པ་ཡིན། མདོར་ན། བབས་པའི་ལས་ཕྲག་ཏུ་འཁུར་བ་དང་། ལས་དེའི་མཐའ་ཆོད་པར་འབད་པ་ནི་དམ་ཚིག་དང་པོ་སྟེ། བློ་མང་གི་སྤྱོད་པས་འབྲས་བཟང་རེག་མི་ཐུབ་པ་ཡང་མིག་མཐོང་ལག་ཟིན་གྱི་བདེན་དོན་ལགས་ན། ངས་ཀྱང་ཐོབ་ཟིན་པའི་གྲུབ་འབྲས་ཆུང་ཆུང་ཁོ་ནར་ཡིད་ཚིམ་ནས་མ་བསྡད་པར། གོམ་པ་མདུན་དུ་སྤོས་ནས་རང་གི་དགའ་བའི་ལས་ཀ་གང་དེར་སྙིང་རུས་ཆེན་པོས་འབད་འབད་འབུངས་འབུངས་བྱེད་ངེས་ཡིན།