གངས་གཡག་དཔལ་ལྷུན།
རབ་རིབ་མི་ངོ་མི་ཆོད་པའི་དུས་ཚིགས་རེ་རེ་ཕར་ལ་བསྐྱལ་ཞིང་། ཡང་ཡང་དཔེ་ཀློག་ལ་འཇུག་པའི་ཞོགས་པ་མང་པོ་ཚུར་ལ་བསུས། སློབ་ཆུང་ལོ་རིམ་གསུམ་པ་འགྲིམ་སྐབས། ངས་གྲོང་ཚོའི་ལས་བྱེད་པ་ཞིག་ངོ་ཤེས་ཤིང་། བདག་གི་པཱ་ལགས་བརྒྱུད་ཁོང་ངོ་ཤེས་པ་ཡིན། དེ་དུས་ང་རང་གཟུགས་ཆུང་གཏེ་པོ་ཞིག་ཡོད་ཚོད་འདུག་ལ། ལས་བྱེད་པ་ཁོང་གིས་ཀྱང་ང་ལ་བྱིས་པ་གྲུང་པོ་ཞིག་འདུག་ཅེས་བྱི་རིལ་སོགས་རྔན་པ་མང་པོ་སྟེར་བ་མ་ཟད། ཚགས་པར་གྱིས་བཏུམས་པའི་ཕག་ཤ་རྡོག་རྡོག་ཅིག་ང་ལ་སྤྲད་དེ་ནང་མི་དང་མཉམ་དུ་ཟ་དགོས་པའི་མངགས་བྱ་བྱས།
ཡར་འབྲོག་གི་དགུན་གཞུང་ཧ་ཅང་གྲང་ཞིང་། འུར་འུར་དུ་ལྡང་བའི་རླུང་བུའི་རྐུན་མས་གང་སར་བརྙས་བཅོས་བྱེད། སྣུམ་བཞུའི་འོད་མདངས་རབ་རིབ་འོག ངས་ད་གཟོད་ཕག་ཤ་བསྒྲིལ་བའི་ཚགས་པར་དེའི་ཡིག་འབྲུ་རེ་རེ་དང་ཡིག་ཕྲེང་རེ་རེར་ཐོག་མའི་ངོ་ཤེས་གཏོང་ཁུལ་བྱས།
ཞག་ཚིས་འཚོས་པའི་ཚགས་པར་དེ་བརྒྱུད་ངས་ཀ་མད་སུམ་ཅུའི་ཞལ་རས་ཐོག་མར་མཇལ། གསར་འགྱུར་དང་ཆ་འཕྲིན་གྱི་དུང་བརྡ་ལས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་དཔལ་འབྱོར་གྱི་རྣམ་པ། དེ་བཞིན་ཅ་དངོས་གསར་པ་འགའ་རེའི་སྤྱོད་སྟངས་རྟོགས། ལྷག་པར་དུ་གཟའ་འཁོར་རེའི་རེས་གཟའ་ཉི་མའི་པར་ངོས་བཞི་པར་བཀོད་པའི་དམངས་གཞས་དང་ཚིག་རྒྱག སྒྲུང་གཏམ་སོགས་ཀྱིས་ངའི་ཡིད་ཀྱི་བརྟན་པ་ཡོངས་སུ་ཕྲོགས་པས། དེ་ནས་བཟུང་། ངས་ཉིན་ལྟར་གྲོང་ཚོ་ཨུ་ལྷན་དུ་བསྐྱོད་དེ་ཚགས་པར་སློང་བ་དང་མཚན་མོ་སླེབས་རིན་བཞིན་སྣུམ་བཞུའི་འོད་མདངས་འོག་ཚགས་པར་གྱི་ཡིག་འབྲུའི་མེ་ཏོག་ལ་ལོངས་སུ་སྤྱོད་པར་བྲེལ།
འཕེར་ཤ་ཆེ་བའི་གཅུང་མོས་པཱ་ལགས་ལ་ངས་མཚན་གང་ཚགས་པར་བལྟས་ཏེ་བཞུ་རྫས་འཕྲོ་བརླག་གཏོང་གི་ཡོད་ལུགས་ངན་ལབ་བྱས་ཀྱང་། ཕུགས་བསམ་གྱི་སྤྱན་དཀྱུས་ཡངས་པའི་པཱ་ལགས་ཀྱིས་འཛུམ་ཙམ་གནང་བ་ལས་གང་ཡང་མ་གསུངས། འོན་ཀྱང་། གནོང་འགྱོད་དྲག་པོ་ཞིག་གིས་མཚན་མོ་ནང་མི་ཚང་མ་ཉལ་ཚར་རྗེས་ངས་ཁུ་སིམ་མེར་ཉལ་ཆས་ནང་བཞུ་མར་སྤར་ཏེ་ཚགས་པར་ལྟ་བཞིན་ཡོད།
ཡོང་སྒོ་དཀོན་པའི་དུད་ཁྱིམ་ཞིག་ལ་མཚོན་ན། མཚན་མོར་སྣུམ་བཞུ་སྤར་ཡུན་རིང་ན་ས་སྣུམ་མང་པོ་ཟད་འགྲོ་བས། དེའི་ཕྱིར་བདག་གིས་ཉིན་གུང་སློབ་ཚན་གྲོལ་རྗེས་ནང་དུ་མ་ལོག་པར་འཛིན་གྲྭའི་སྒོ་འགྲམ་དུ་ཚགས་པར་ཀློག་བཞིན་བསྡད་ཅིང་། ཉིན་ཤས་རྗེས་ནས་སློབ་མ་གཞན་པའང་ང་དང་མཉམ་དུ་ཚགས་པར་ལྟ་བར་གོམས། ངས་ཀྱང་སྦ་གསང་དང་འཛེམ་ཟོན་གང་ཡང་མེད་པར་ཁོ་ཚོར་ཚགས་པར་དུ་འཁོད་པའི་དམངས་གཞས་དང་གཏམ་དཔེ་རེ་འགའ་བཤད་པས། ཚང་མ་ཧང་སངས་སངས་དང་ཧ་ལས་ལས་ཀྱིས་མུ་མཐུད་ཤོད་དགོས་པའི་རེ་བ་འདོན་མྱོང་ལ། ངས་ཀྱང་སྤོབས་པ་དང་ཁེངས་པ་གང་ཡང་མེད་པར་སློབ་གྲོགས་ཚོར་རང་གི་དཔེ་ཀློག་གི་མྱོང་བ་དག་ལྷུག་པོར་གླེང་། སློབ་གྲོགས་ཚོས་ངའི་དཔེ་ཀློག་གི་སྙིང་སྟོབས་ལ་ཡིད་སྨོན་གྱིས་དུས་དེ་ནས་བཟུང་ང་ནི་ཁོ་ཚོའི་མིག་ནང་གི་“མཛུབ་སྟོན་པ་ཆུང་ཆུང”ཞིག་ཏུ་གྱུར། ཚགས་པར་ལས་བསྟན་པའི་སྒྲུང་གཏམ་དག་ལ་ཟུར་དང་ངོས་གང་ས་ནས་བསླབ་བྱའི་རང་བཞིན་དམིགས་བསལ་བ་ཞིག་ཡོད་པས་ཡིན་ནམ། གང་ལྟར་དུས་དེ་ནས་བཟུང་ངའི་སྒོ་གསུམ་དཔེ་ཀློག་གི་མཁའ་དབྱིངས་སུ་ལྡིང་འགོ་ཚུགས་ཏེ། ཚགས་པར་ལྟ་ཀློག་བྱེད་པའི་གོམས་གཤིས་བཟང་པོ་ཞིག་འཇགས།
ལོ་གཅིག་གི་ཡོད་ཚད་དཔྱིད་ལ་རག་ལུས་པ་དང་། ཚེ་གཅིག་གི་ཡོད་ཚད་གཞོན་དུས་ལ་རག་ལུས་པ་བཞིན། སློབ་འབྲིང་གི་དུས་སྐབས་ནི་ལང་ཚོའི་ལྗང་མྱུག་འབུས་བཞིན་པའི་བདག་ལྟ་བུར་མཚོན་ན་རིན་ཐང་བྲལ་བའི་དུས་བཟང་ཞིག་ཡིན་ཏེ། རིག་ཚན་མི་འདྲ་བའི་རོ་བཅུད་ཀྱིས་ངའི་བློ་གྲོས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བྱུང་། ཡིན་ནའང་། རྫོང་གྲོང་དུ་རིག་ཚན་མང་པོར་སྦྱངས་བརྩོན་བྱེད་དགོས་པ་དང་། སྐད་རིགས་མི་འདྲ་བ་འགའི་སྦྱངས་འབྲས་ལ་རྩོད་དགོས་དུས། རྒྱུན་གཏན་བཞིན་ཞར་དང་ཞོར་ལ་ཚགས་པར་ལྟ་བའི་དུས་ཁོམ་ཞིག་མེད། འོན་ཀྱང་། ཐེངས་ཤིག བོད་ཡིག་རྒན་ལགས་ནས་ཚགས་པར་གསར་པ་འགའ་བསྣམས་ཏེ་ང་ཚོར་ཞོར་ལྟའི་དཔྱད་གཞིར་གནང་བས། ཚགས་པར་མཐོང་མ་ཐག་ཁོ་བོར་ནི་ཡུན་རིང་བྲལ་བའི་སྤུན་གྲོགས་ཤིག་གློ་བུར་དུ་འཕྲད་པ་ལྟར་གྱི་དགའ་ཚོར་ཆེན་པོ་བྱུང་།
དུས་དེ་ནས་བཟུང་སྟེ། ངའི་ལམ་གྲོགས་ཡག་ཤོས་ནི་ཚགས་པར་ཡིན་ཏེ། སྔ་དགོང་དུས་ཁོམ་ཕྲན་བུ་ལས་མེད་ཀྱང་། རྩབ་ཧྲལ་དུ་གྱུར་པའི་ཚགས་པར་ནི་ངའི་ལམ་སྟོན་སྒྲོན་མེ་ཡིན་ལ། སྙན་ཞིང་ཡིད་དབང་འཕྲོག་པའི་དམངས་གཞས་དང་གཏམ་དཔེ། སྒྲུང་གཏམ་སོགས་ལ་མྱོང་རོལ་བྱ་རྒྱུ་ནི་ངའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཞིང་། ངས་ཚགས་པར་གྱི་རྩོམ་ཡིག་འགའ་རེ་རྩོམ་དཔེར་བཟུང་སྟེ་རང་སེམས་ཀྱི་ཞིང་སར་སྨིན་པའི་འཆར་ཡན་གྱི་མེ་ཏོག་ཁག་གཅིག་ཡི་གེའི་ལམ་དུ་བསྟར་ཁུལ་བྱས། “ཚིག་སྙན་པོ་མེད་ཀྱང་ནང་དོན་ཅུང་ལེགས”ཞེས་དང་། “ནང་དོན་དེ་ཙམ་མཚོན་ཐུབ་མི་འདུག་ཀྱང་། སྡེབ་སྦྱོར་ཡག”ལྟ་བུ་ནི་རྒན་ལགས་ཀྱིས་ངའི་རྩོམ་ཡིག་ལ་གནང་བའི་ཆེས་ཐོག་མའི་གདེང་འཇོག་ཡིན་པས། རྒན་ལགས་ཀྱི་དཔྱད་པ་དེ་ནི་ཕྱིས་འབྱུང་ང་རང་རྩོམ་རིག་གསར་རྩོམ་ལ་ཞུགས་པའི་སྒུལ་ཤུགས་སུ་གྱུར། དེ་བས་ཀྱང་། ཁོང་གིས་བསྒམ་ནན་ངང“ཁྱོད་རང་རྩོམ་ཡིག་འབྲི་བར་དགའ་པོ་ཡོད་དམ། ངའི་ཁྱིམ་དུ་ཚགས་པར་མང་པོ་ཡོད་པས་ཁྱོད་ལ་སྤྲད་ཆོག གཅིག་བྱས་ན་ཕན་ཐོགས་སྲིད”ཅེས་པའི་གཏམ་དེ་ནི་སྐབས་དེ་དུས་ངའི་ངོས་ནས་བརྗོད་ན་རྨ་བྱ་མྱོས་པའི་དབྱར་རྔ་རང་ཡིན། སློབ་ཚན་གྲོལ་རྗེས་རྒན་ལགས་དང་མཉམ་དུ་ཚགས་པར་ལེན་པར་བསྐྱོད། ཁོང་གི་ཉལ་ཁང་གི་སྒོ་འཛུལ་བ་དང་མིག་ལམ་དུ་མངོན་པ་ནི་དཔེ་སྒྲོམ་ཞིག་གི་སྟེང་ན་གྲལ་འགྲིག་པོར་བཞག་པའི་དཔེ་ཆ་སྣ་ཚོགས་དང་དེའི་ཟུར་གྱི་རྒྱ་ལྕོག་ཅིག་གི་སྟེང་དུ་བཞག་པའི《བོད་ལྗོངས་ཉིན་རེའི་ཚགས་པར》རེད། ངས་ཚགས་པར་དག་ལས་རེས་གཟའ་ཉི་མའི་ཚགས་པར་མང་དག་ཅིག་བཙལ་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་ཉལ་ཁང་དུ་ལོག་པ་ཡིན།
དེ་ལྟར་ཉིན་ནས་ཟླ་དང་ཟླ་ནས་ལོ་མཐུད་དེ། ངས《བོད་ལྗོངས་ཉིན་རེའི་ཚགས་པར》དེ་ཉིད་རྩོམ་འབྲིའི་མཛུབ་སྟོན་དགེ་རྒན་དུ་བསྟེན་ཏེ། ཐོག་མའི་ལད་འབྲི་ཙམ་ནས་རིམ་བཞིན་རང་གིས་ཁུངས་འཁྱོལ་ཙམ་གྱི་རྩོམ་ཡིག་མི་ཉུང་བ་ཞིག་བྲིས། དེ་དག་ལས་ཁག་གཅིག་ལ་རྒན་ལགས་དང་སློབ་གྲོགས་མང་པོའི་བསྔགས་བརྗོད་ཐོབ།
སློབ་འབྲིང་ལོ་རིམ་དང་པོ་ནས་བཟུང་། ངས《བོད་ལྗོངས་ཉིན་རེའི་ཚགས་པར》དང་འབྲལ་མེད་དུ་གཞན་རྩོམ་བཀླགས་པ་དང་། དམངས་གཞས་དང་གཏམ་དཔེ་བློ་འཛིན། དེ་བཞིན་ཚིག་སྙན་བརྗོད་དུམ་ལེགས་པ་དག་ཟིན་བྲིས་སུ་བཏབ་ནས་ལྟ་ཀློག་དཔྱད་གཞིར་བཟུང་བ། རྩོམ་རབ་ལ་དཔེ་བལྟས་ཏེ་ལད་འབྲི་བྱེད་པ་སོགས་ལ་གཞོལ་ཞིང་། རྒན་ལགས་ནས་ཀྱང་བདག་གི་དཔེ་ཀློག་ལ་རྟིང་སྐུལ་དཔྱད་བརྗོད་རྒྱུན་མཐུད་གནང་བས། ངའི་རྩོམ་འབྲིའི་རྨང་གཞི་ལེགས་པར་ཚུགས་ཐུབ་པ་ནི། ཚགས་པར་འདི་ཉིད་ཀྱིས་སྦྱིན་པའི་རིན་བྲལ་བདུད་རྩི་རང་ལགས།
འདི་ལྟར། 《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་རྩོམ་རིག་གི་ཞིང་ས་གཤིན་པོ་འདི་བརྒྱུད་ང་ལ་རྩོམ་རིག་གི་རྨང་གཞི་བརྟན་པོ་ཞིག་ཚུགས་ཏེ། རིམ་བཞིན་དུས་དེབ་དང་ཚགས་པར་གཞན་པར་ཡང་ངས་བརྩམས་ཆོས་མང་པོ་འགོད་ཐུབ་པ་བྱུང་ལ། ནམ་ཟླའི་འགྱུར་བ་དང་ཁོར་ཡུག་གི་བྱང་གོམས་བཞིན། ང་རང་ཡང་ཐོག་མའི་ཀློག་པ་པོ་ཆུང་ཆུང་ཞིག་ནས་རིམ་བཞིན་གསར་རྩོམ་གྱི་ལམ་དུ་ཨུ་ཚུགས་ཀྱིས་བཞུད་ཀྱིན་པའི“རྩོམ་པ་པོ”ཆུང་ཆུང་ཞིག་ཏུ་གྱུར། ཐོག་མའི་གསར་རྩོམ་གྱི་གཟིགས་འབུལ་ཏེ། 《ང་རང་དང“ང་རང”》ཞེས་པའི་ལྷུག་རྩོམ་ཐུང་གྲས་ཤིག་2002ལོའི《བོད་ལྗོངས་ཉིན་རེའི་ཚགས་པར》དུ་འགོད་ཐུབ་སོང་། དེ་ནི་ང་རང་གྲོང་ཁྱེར་གྱི་འཚོ་བར་གཞོལ་རིང་གི་ཆེས་ཐོག་མའི་རྩོམ་ཡིག་སྟེ། དགེ་འོས་ཀྱི་སྒོ་མོ་འགྲིམ་རིང་གི་རྩོམ་ཕུད་ཡིན་ཟེར་ཡང་ཆོག
《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་ཆེས་ཐོག་མའི་རྩོམ་ཡོན་སྒོར་མོ་བཅུ་འབྱོར་བ་དེས་བདག་ལ་མུ་མཐུད་རྩོམ་ལ་འཇུག་པའི་སེམས་ཤུགས་ཆེན་པོ་བྱུང་ལ། དེ་ནས་བཟུང་རྩོམ་འབྲིའི་ལས་ལ་མཚམས་འཇོག་བྱེད་མ་མྱོང་། གཅིག་བྱས་ན་ཐོག་མའི་རྩོམ་ཡོན་འབྱོར་བའི་སྐུལ་སློང་དེ་ནི་སྒོར་མོ་བཅུ་དེས་སྐུལ་བའི་ནང་སེམས་ཀྱི་“རེ་འདོད”གཅིག་ཡིན་ཡང་སྲིད། གང་ལྟར་རྩོམ་ཡོན་དེས་ང་ཡི་ལས་དབང་ལ་ཁ་ལོ་བསྒྱུར་ཞིང་། དུས་དེ་ནས་བཟུང་ཐོག་མར་རང་གི་བསམ་བློའི་ཉིང་བཅུད་མཚོན་པའི་རྩོམ་ཉོག་མང་པོ་ཞིག(ཕལ་ཆེར་བཅུ་ཙམ)སྡེབ་གཅིག་ཏུ་རྩོམ་སྒྲིག་ཁང་དུ་བསྐུར་བ་ཡིན།
དེ་ལྟར། 《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་ཀློག་པ་པོ་དཀྱུས་མ་ཞིག་ནས་རིམ་བཞིན་ཉིན་འགྲོགས་མཚན་འགྲོགས་ཀྱི་གྲོགས་པོ་དང་། མཐའ་མར《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་རྩོམ་པ་པོ་ཆུང་ཆུང་ཞིག་ཏུ་གྱུར་པ་ནི་མདོར་བསྡུས་ན《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་ལམ་སྟོན་བཟང་པོ་དང་ཉེ་རིང་མེད་པའི་གསོ་སྐྱོང་སོགས་དང་ཁ་བྲལ་ཐབས་མེད་ལ། སློབ་ཆུང་ནས་སློབ་འབྲིང་དང་། སློབ་འབྲིང་ནས་སློབ་ཆེན། སློབ་ཆེན་ནས་ལས་ཐོག་སྟེ། ངའི་མི་ལོ་སུམ་ཅུ་ལྷག་གི་ཉིན་ཞག་ཚང་མ་བོད་ལྗོངས་ཉིན་རེའི་ཚགས་པར་དང་འགྲོགས་ནས་འཚར་བ་ཡིན་ཟེར་ཡང་མི་ཆོག་པ་ཅི་ཡང་མེད།
དེ་ལྟར་ལོ་ཟླའི་གོམ་འགྲོས་དང་བསྟུན་ནས་རྩོམ་རིག་ལ་ཇེ་དགའ་དང་། རྩོམ་རིག་གསར་རྩོམ་ཐད་ལའང་གྲུབ་འབྲས་མི་དམན་པ་ཞིག་ཐོབ། ད་ལོ་ནི《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་བགྲང་བྱ་བདུན་ཅུ་འཁོར་བའི་བཀྲ་ཤིས་དུས་བཟང་ཡིན་པས། དུས་བཟང་དེར། ཁོ་བོས་ཀྱང་སྡེབ་ལེགས་ཚིག་གི་སྲད་བུར་བརྒྱུས་པའི་སྙན་འཇེབས་རྩོམ་གྱི་འགྱུར་ཁུག་ཅིག་འབུལ་མ་ཐུབ་རུང་། རང་ཉིད་ཀྱི་རྩོམ་རིག་གསར་རྩོམ་ལམ་བུར་བཀའ་དྲིན་ཤིན་ཏུ་ཆེ་བའི་ཚགས་པར་འདི་ཉིད་མུ་མཐུད་གྲ་རྒྱས་ཕུན་ཚོགས་ཡོང་བའི་སྨོན་འདུན་ཞུ་གི་ཡིན་ལ། སླད་ཀྱི་ལོ་ཟླའི་ཕྲེང་བའི་ནང་ཚགས་པར་འདིའི་གཟི་བྱིན་དང་བྱམས་བརྩེའི་འཛུམ་ཕྲེང་འོག གསར་སྐྱེས་རྩོམ་པ་པོ་གང་མང་གསོ་སྐྱོང་ཐུབ་པའི་སྨོན་འདུན་ཡང་ཞུ་བ་ལགས་སོ།