འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་གསུམ་པའི་བར། བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་49.07ཟིན་པ་དེ་དུས་མཚུངས་ལས་13.53%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་གསུམ་པའི་བར་བོད་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་0.40དང་། ཆུ་ཚོད་ཆན་ཝ་དུང་ཕྱུར་22.77 ཆུ་ཚོད་ཆན་ཝ་དུང་ཕྱུར་18.17བཅས་སོ་སོར་ཟིན་ཏེ་དུས་མཚུངས་ལས་24.62%དང་། 13.14% 13.63%བཅས་སོ་སོར་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་7.73ཟིན་ཏེ། ཐོན་ལས་འཕེལ་རྒྱས་དང་དམངས་འཚོའི་གློག་སྤྱོད་ཀྱི་དགོས་མཁོ་རིམ་བཞིན་མཐོ་རུ་ཕྱིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་དང་པོ་ནས་གསུམ་པའི་བར། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་གློག་དྲ་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ་གཙོ་གནད་གློག་དྲའི་ལས་གྲྭ་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་མཚོ་བོད་ལྕགས་ལམ་གློག་ཤུགས་ཅན་གྱི་ཕྱི་གློག་ལེ་ལག་ལས་གྲྭ(བོད་ལྗོངས་དུམ་བུ)དངོས་སུ་ལས་འགོ་ཚུགས་པ་དང་། གློག་དྲ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བ། གློག་ཤུགས་ཕྱིར་འདྲེན་དང་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ས་མཐོའི་གློག་ཤུགས་མཁོ་སྤྲོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད་པ་རེད།