འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་བཟང་དངོས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི། གྲོང་ཚོ་ཡོངས་ཀྱི་ལོ་60ཡན་གྱི་རྒན་རྒོན་70ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
མཛད་སྒོ་འཚོག་ཡུལ་དུ་ལས་དོན་པས་རྒན་རྒོན་ཚོར་ཁ་བཏགས་བསྒྲོན་པ་དང་ཕྱེ་མར་བཀྱགས་ནས་ཁོང་ཚོ་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་པ་དང་འབྲེལ་འཚོ་བཅུད་ལྡན་པའི་དགུང་ཟས་དང་། ཇ་མངར་མོ། ཤིང་འབྲས་སོགས་ཀྱང་གྲ་སྒྲིག་བྱས་ཡོད། ལོ་60ལ་སླེབས་པའི་རྒན་རྒོན་སྐལ་སྒྲོན་གྱིས“ཏང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོའི་རྒན་རྒོན་ཚོ་སྡོད་ཁང་ཡག་པོ་འདི་འདྲའི་ནང་སྡོད་རྒྱུ་བྱུང་སོང”ཞེས་བཤད།
བཅིངས་འགྲོལ་གྲོང་ཚོའི་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་བཟང་གིས“རྒན་གཅིག་གཞོན་གཅིག”གི་ཞབས་ཞུའི་དགོས་མཁོར་དམིགས་ནས་ཉིན་མོར་ལྟ་རྟོག་དང་། རིག་གནས་རོལ་རྩེད། བདེ་ཐང་དོ་དམ་སོགས་ཕྱོགས་བསྡུས་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཁྱོན་མ་དངུལ་སྒོར་ཁྲི་1200བཏང་བའི་རྒྱལ་སྨན་ཤང་གི་བཅིངས་འགྲོལ་གྲོང་ཚོ་དང་སྤུན་གསུམ་གྲོང་ཚོ། ཤ་གསོས་ཤང་གི་འཇུ་གྲོང་ཚོ། ལྷ་ཡུལ་ཤང་གི་སྡེ་ཆེན་གྲོང་ཚོ་བཅས་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་བཟང་བཞི་ཚང་མ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་འཕྱོངས་རྒྱས་རྫོང་གི་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུ་ཚད་ལྡན་ཅན་དང་རྒྱུན་རྣམ་ཅན་གྱི་དུས་མཚམས་གསར་པར་སླེབས་པ་དང“རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སེམས་པ་སྐྱིད་པའི”མཛེས་སྡུག་ལྡན་པའི་རྣམ་པ་མཚོན་ཡོད།