《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月01日

གྲངས་འཛིན་འཕེལ་ཕྱོགས་ལས་ས་མཐོའི་ཁྱད་ལྡན་ཐོན་ལས་དར་རྒྱས་བྱུང་བ།

—— ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དྲ་ཚོང་ཐད་གཏོང་ཚོད་ལྟ་རྟེན་གཞིའི་མཐོང་ཐོས།

ཉི་འོད་རབ་ཏུ་འཕྲོ་བའི་དཔྱིད་དུས་སུ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དྲ་ཚོང་ཐད་གཏོང་ཚོད་ལྟ་རྟེན་གཞིར་མི་ཚོགས་ཀྱིས་ཁེངས་ནས་གང་སར་གྲངས་འཛིན་གྱི་གསོན་ཤུགས་རྒྱས། ཐད་གཏོང་ཁང་སོ་སོའི་ཐད་གཏོང་གི་གློག་འོད་གསལ་ལ་མཛེས་ལྗོངས་བཀོད་སྒྲིག་ལེགས་པ་དང་། བོད་ཀྱི་གསར་སྐྱེས་ཐད་གཏོང་བ་ཚོས་པར་ཆས་བརྒྱུད་དེ་ནས་བཟོས་རྔན་པ་དང་། སྤུས་དག་གི་ཚགས་ཤ་སྐམ་པོ། རང་བྱུང་ལྷད་མེད་ཀྱི་བོད་སྨན་རྒྱུ་ཆ་སོགས་བསྟན་ནས་མང་ཚོགས་ལ་གོ་བདེ་པོས་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་ཟད། དྲ་གྲོགས་ཀྱི་དྲི་བར་ལན་ཡང་འདེབས་བཞིན་ཡོད་པས། རྟེན་གཞིའི་གང་སར་ལང་ཚོའི་ངར་ཤུགས་གཅིག་རྗེས་གཉིས་མཐུད་ངང་ཐོན་བཞིན་ཡོད།

ཐད་གཏོང་ཁང་གི་ཕྱིར་ཡོད་པའི་མཛོད་ཁང་དབྱེ་གསེད་ཁང་དུ་ཡང་བྲེལ་བརྩོན་ཆེ་བའི་རྣམ་པས་ཁེངས་ཤིང་། ལས་དོན་མི་སྣས་ལས་རིམ་བགོས་ཏེ་ཚོང་ཟོག་ལེགས་སྒྲིག་དང་། ཐུམ་སྒྲིལ་རྒྱག་པ། ཟོག་འགྲེམས་ཤོག་བྱང་པར་རྒྱག་པ་བཅས་བྱེད་བཞིན་ཡོད། ཐུམ་སྒྲིལ་བརྒྱབ་ཟིན་པའི་ཁྱད་ལྡན་ཐོན་རྫས་སྒམ་རེ་རེ་གྲལ་འགྲིག་པོས་བརྩེགས་ཏེ་ཟོག་འགྲེམས་རླངས་འཁོར་ནང་གཅིག་གྱུར་བླུགས་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱེལ་འདྲེན་བྱ་རྒྱུ་རེད།

འདི་ལོའི་ལོ་འགོར་ས་གནས་དེ་གའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལས་སྟེགས་དེ་བོད་རང་སྐྱོང་ལྗོངས་ཀྱི་དྲ་ཚོང་ཐད་གཏོང་དཔེ་སྟོན་རྟེན་གཞིར་དངོས་སུ་བདམས་པ་རེད། 2024ལོའི་ལོ་འགོར་རྟེན་གཞི་དེ་ལུང་ཁྲོང་བར་མཐོངས་ཀྱི་ཀུན་གཏོད་བར་མཐོངས་ལ་བརྟེན་ནས་བསྐྲུན་པ་དང་། གཙོ་བོ་ཐད་གཏོང་དང་། མཛོད་ཉར། ཕྱིར་འཚོང་། བཙོངས་རྗེས་ཞབས་ཞུ་བཅས་གཞི་གཅིག་ཅན་གྱི་འཁོར་འབྲེལ་ཧྲིལ་པོའི་གདུབ་ཟུམ་གྱི་འཕེལ་རྒྱས་གཏོང་སྟངས་བཏོད་ཡོད། ཟོག་འགྲེམས་ལྟེ་གནས་དང་ཐག་ཉེ་བའི་ཐུན་མོང་མ་ཡིན་པའི་གནས་སྟངས་ལ་བརྟེན་ནས་རྟེན་གཞིར་ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་འདྲེན་དང་རྒྱུན་མཁོའི་འཛད་རྫས་གྲོང་གསེབ་ཏུ་འདྲེན་པའི་ཕྱོགས་གཉིས་ཀྱི་འཁོར་རྒྱུག་ཐབས་ལམ་ཤར་གཏོང་ཐུབ་ནས། ས་མཐོའི་སྤུས་ལེགས་ཐོན་རྫས་ས་ཐག་རིང་པོར་འཚོང་མི་ཐུབ་པ་དང་དྲ་ཕྱིར་ཚོང་ལམ་མེད་པའི་འཕེལ་རྒྱས་ཀྱི་འགག་གནད་ཐག་གཅོད་ཐུབ་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

འདི་ཡང་ས་གནས་དེ་གའི་གཞོན་ནུའི་ལས་གཏོད་ཀྱི་ས་གཞི་གཤིན་པོ་ཡིན་ཞིང་། མིག་སྔར་རྟེན་གཞིར་རང་ཡུལ་གྱི་སྤུས་ལེགས་ཁེ་ལས་12བཅའ་སྡོད་བྱས་ཡོད་པ་དང་། ཆེད་ལས་ཅན་གྱི་རང་ཡུལ་གྱི་དྲ་ཐོག་ཐད་གཏོང་བ་30ལྷག་ཙམ་གསོ་སྐྱོང་བྱས་པས། དེ་སྔའི་ཐར་ཐོར་དང་མི་སྒེར་གྱི་དྲ་ཐོག་ཟོག་འཚོང་དེ་ད་ལྟའི་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་དྲ་ཐོག་ཚོང་དོན་ཐོན་ལས་ཚོགས་པ་ཞིག་ཏུ་གྱུར་ཡོད། རིམ་རྩིས་བརྒྱབ་ན་རྟེན་གཞིའི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་2.4དང་ཉིན་རེར་ཆ་སྙོམས་མྱུར་སྐྱེལ་བསྐུར་མ་5000ཙམ་ཟིན་གྱི་ཡོད། གྲངས་གཞི་ངོ་མ་དེ་དག་ལས་གྲངས་འཛིན་དྲ་ཚོང་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱུང་བ་དང་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་པ་དཔང་པོ་བྱེད་བཞིན་ཡོད།

རྟེན་གཞིས་དྲ་ཐོག་ནས་ཕྱིར་ཚོང་བྱེད་པའི་ཐབས་ལམ་བཏོད་པ་མ་ཟད། ཐད་གཏོང་ལྟེ་བའི་སྦྲེལ་ཐག་ཏུ་བྱས་ཏེ་ཁྱད་ལྡན་འདེབས་གསོ་དང་། ཞིང་ཞོར་ཐོན་རྫས་ལས་སྣོན་ཞིབ་ཚགས། ཚད་ལྡན་ཅན་གྱི་ཐུམ་སྒྲིལ། ས་ཁོངས་ཧྲིལ་པོའི་ཟོག་འགྲེམས་སྡེབ་སྐྱེལ་བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཆ་ཚང་སྦྲེལ་མཐུད་བྱས་ནས། གྲངས་འཛིན་དཔལ་འབྱོར་དང་ས་མཐོའི་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་བ་དང་ས་གནས་དེ་གའི་སྲོལ་རྒྱུན་ཁྱད་ལྡན་ཐོན་ལས་ཀྱིས་ཐོན་སྐྱེད་བཟོ་རྩལ་ལེགས་སུ་གཏོང་བ་དང་། སྤུས་ཚད་ལ་དོ་དམ་ཚོད་འཛིན་ནན་པོ་བྱེད་པ། ཐོན་རྫས་ཀྱི་གཟུགས་བརྙན་ལེགས་སུ་གཏོང་བ་བཅས་ལ་ལྕག་སྐུལ་ཐེབས་ནས་སྤྱི་ཡོངས་ཕྱོགས་སྒྱུར་དང་རིམ་སྤོར་བྱུང་ཡོད།

ད་ཆ་ཐད་གཏོང་དྲ་ཚོང་དེ་སྟོད་ལུང་བདེ་ཆེན་གྱི་རྒྱུན་གཏན་འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་བྱུང་ནས་རང་ཡུལ་གྱི་ཁྱད་ལྡན་ཐོན་ཁུངས་བེད་སྤྱོད་གང་ལེགས་ཐུབ་ཡོད་ལ་གྲོང་གསེབ་ཀྱི་ཀ་རྟེན་ཐོན་ལས་ཀྱང་སྟོབས་ཆེར་ཕྱིན་ཡོད། ས་གནས་དེ་གའི་དྲ་ཚོང་གི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས། རང་ཡུལ་གྱི་ཐད་གཏོང་གཉེར་སྐྱོང་གི་ཤེས་ལྡན་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་། ས་མཐོའི་ཁྱད་ལྡན་སྤྱི་པའི་སྤུས་རྟགས་ལ་བཀྲག་མདངས་རྒྱུན་མཐུད་འཚེར་བ། གངས་ལྗོངས་ཀྱི་དྭངས་གཙང་ལྷད་མེད་ཡུལ་ཟོག་དེ་བས་མང་བ་རི་ཀླུང་བརྒལ་ནས་ཕྱིར་འཚོང་ཐུབ་པས། གྲངས་འཛིན་ལག་ལེན་ལ་བརྟེན་ནས་གངས་ལྗོངས་ཀྱི་གྲོང་གསེབ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་གསར་པ་རྩོམ་བཞིན་ཡོད།