《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月27日

སྔོ་ལྗང་གི་འགྲན་རར་ལང་ཚོའི་བཀྲག་མདངས་འཚེར་བ།

ཉེ་ཆར། 2026ལོའི་བོད་རང་སྐྱོང་ལྗོངས་ཀྱི“རུ་མི་བརྒྱད་ཅན”གྱི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོ་ལྷོ་ཁ་གྲོང་ཁྱེར་ལུས་རྩལ་ཐང་དུ་གཉེར་བ་རེད། རང་ལྗོངས་ཀྱི་ལྷ་ས་དང་། གཞིས་རྩེ། ཆབ་མདོ། ནག་ཆུ། ལྷོ་ཁ་བཅས་དང་དེ་བཞིན་ལྷ་ས་དགེ་འོས་སློབ་གླིང་བཅས་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་དྲུག་མཉམ་དུ་འཛོམས་ནས་འགྲན་བསྡུར་འཁྲུག་པོ་བྱས་ཏེ། རྔུལ་ཆུ་དང་འབད་འབུངས་ལ་བརྟེན་ནས་ས་མཐོའི་བུད་མེད་ཀྱི་ལུས་རྩལ་སྙིང་སྟོབས་མཚོན་པར་བྱས་ཡོད།

འགྲན་བསྡུར་དང་པོ་དེ་མགྲོན་བདག་རུ་ཁག་ཡིན་པའི་ལྷོ་ཁ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་དང་ལྷ་ས་དགེ་འོས་སློབ་གླིང་གི་འཐུས་མི་རུ་ཁག་དབར་བྱས་ཤིང་། སྤོ་ལོ་རྒྱག་འགོ་ཚུགས་རྗེས་ཕྱོགས་གཉིས་པོས་འཕྲལ་དུ་ཚ་ཚ་འུར་འུར་ངང་འགྲན་བསྡུར་འཁྲུག་པོ་བྱས་ཏེ་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་ལུས་རྩལ་གྱི་རྨང་གཞི་བརྟན་པོ་དང་འཕེལ་ཕྱོགས་བཟང་པོ་མངོན་པར་བྱས་ཡོད།