《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月23日

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས།

བོད་ཀྱི“ལུས་རྩལ་འགྲན་བསྡུར་དུས་ཚིགས”ཀྱི་བྱེད་སྒོར་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་21ཉིན་གནས་ཚུལ་འབྱོར་གསལ། ཚེས་21ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོཌ་འདུ་འཚོགས་ནས་བོད་ཀྱི“ལུས་རྩལ་འགྲན་བསྡུར་དུས་ཚིགས”ཀྱི་བྱེད་སྒོར་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་བྱེད་སྒོར་ཞུགས་ནས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། བོད་ཀྱི“ལུས་རྩལ་འགྲན་བསྡུར་དུས་ཚིགས”ཀྱི་བྱེད་སྒོ་གསར་གཏོད་ལྡན་པའི་ངང་སྤེལ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དང་ལུས་རྩལ་གྱི་འདུ་ཤེས་གསར་འབྱེད་བྱེད་པའི་གསར་གཏོད་བྱེད་ཐབས་ཤིག་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཕྱོགས་ཡོངས་དང་། གཏིང་ཟབ། ཡང་དག་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པའི་ཐད་ཤུགས་རྒྱག་པ་དང་། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་བྱེད་སྒོར་གྲུབ་འབྲས་དངོས་ཐོབ་པའི་འགན་ལེན་བྱེད་དགོས་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་ཇུས་གཞི་ཞིབ་ཚགས་སུ་གཏོང་བ་དང་། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་རོལ་རྩེད་དང་། ཡུལ་སྐོར། ཉོ་སྒྲུབ། འགྲེམས་སྟོན་བཅས་ལ་འཚམ་པའི་འགྲན་བསྡུར་བྱེད་སྒོ་སྤུས་དག་ཧུར་ཐག་གཏོད་དགོས་པ། བདེ་འཇགས་ངང་འགྲན་བསྡུར་གཉེར་བའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ཉེན་ཁར་གྲལ་བཤེར་བྱེད་པ། “དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་བྱེད་སྒོ་བདེ་འཇགས་དང་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས།