འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་21ཉིན་གནས་ཚུལ་འབྱོར་གསལ། ཚེས་21ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
བོད་ལྗོངས་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ལྟེ་གནས་སུ་གཉེར་སྐྱོང་བྱེད་པོ་58ཡོད་པ་དེ་དག་གིས་དྲ་ཐོག་ཏུ་ཁྱད་ལྡན་ཚོང་ཟོག་སྣ་ཁ་1100ལྷག་ཙམ་འཚོང་བཞིན་ཡོད་པ་རེད། ཀརྨ་ཚེ་བརྟན་ཐོན་རྫས་འགྲེམས་ཁུལ་དང་། དྲ་ཚོང་ཐད་གཏོང་ཁང་། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ཁུལ་བཅས་སུ་ཕེབས་ནས་ཐོན་རྫས་ཕྱིར་ཚོང་གི་གནས་ཚུལ་ངོ་སྤྲོད་ནན་ཏན་གསན་པ་དང་འབྲེལ། ལྟེ་གནས་ཀྱི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་གནང་ནས་འགྲེམས་ཚོང་ལས་སྟེགས་སྐྲུན་པ་དང་གཉེར་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། གཞོགས་འདེགས་མཉམ་འགུལ་ཐད་ཤུགས་བརྒྱབ་ནས་བྱེད་ནུས་ཀྱི་ངེས་གནས་སྟངས་འཛིན་ནན་པོ་བྱེད་པ་དང་། ཕན་ནུས་ལྡན་པའི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་གི་འབྲེལ་བ་སྤྱི་འདོམས་ཡག་པོ་བྱེད་པ། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་ཡག་པོ་བྱེད་པ་དང་ཞུགས་འཐུས་ཀྱི་འགག་སྒོ་ནན་པོ་སྲུང་བ། སྤུས་ཚད་ལེགས་ཤོས་དང་། ཁྱད་ཆོས་ལྡན་ཤོས། མཚོན་བྱེད་རང་བཞིན་ཡག་ཤོས་བཅས་ཀྱི་ཐོན་རྫས་གཅིག་ཏུ་འདུས་པ། ལས་སྟེགས་མཉམ་འདུས་ནུས་པ་འདོན་པ། ཐོན་སྤྲོད་ཚོང་གསུམ་གྱི་འཁོར་འབྲེལ་ཧྲིལ་པོ་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་རྒྱུན་ཆད་མེད་པར་འགྱུར་བ་བཅས་བྱས་ཏེ།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) འགྲེམས་ཚོང་ལྟེ་གནས་དེ་ཉིད་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་རམ་འདེགས་བྱེད་པ་དང་། ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་དངོས་འབྲེལ་སྐྲུན་དགོས། ས་མཐོའི་ཁྱད་ལྡན་སྤུས་རྟགས་ཡག་པོ་གཏོད་པའི་ཐད་ཤུགས་བརྒྱབ་ནས། བདེ་འཇགས་དང་སྤུས་ཚད་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཉམས་སད་ཐེག་ཐུབ་པའི་ཐོན་རྫས་གཞི་རྟེན་དུ་བྱེད་པ་དང་ཁྱད་ལྡན་རིག་གནས་ལྟེ་བར་འཛིན་པ། ས་མཐོའི་སྐྱེ་ཁམས་ཀྱི་གཏམ་རྒྱུད་དང་ཞིང་འབྲོག་སྤུས་རྟགས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ། ཐོན་རྫས་རིག་གནས་ཀྱི་གདིང་གཞི་དང་ཁྲོམ་རའི་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་ཞིང་འབྲོག་ཐོན་རྫས་ལ་ཁྲོམ་རའི་ཁས་ལེན་ཐོབ་ཚད་དང་། བསྔགས་བརྗོད་ཐོབ་ཚད། ལྟེ་བའི་འགྲན་རྩོད་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
བོད་ལྗོངས་དཔྱིད་འོད་བཟའ་བཅའ་ཚད་ཡོད་ཀུང་སིར་ཀརྨ་ཚེ་བརྟན་འཁོར་ཁང་དུ་ཕེབས་ནས་ཐོན་རྫས་ལ་གཟིགས་པ་དང་ངོ་སྤྲོད་གསན་པ་དང་འབྲེལ། ནས་ཀྱི་ཐོན་རྫས་ལས་སྣོན་དང་ཁེ་ལས་གཉེར་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་ཞིང་། ཁོང་གིས། ཁེ་ལས་གཉེར་སྐྱོང་བྱེད་མཁན་ལ་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཡག་པོ་གཉེར་ཏེ། ཁྲོམ་རའི་དགོས་མཁོ་ཁྲིད་སྟོན་དུ་བྱེད་པ་དང་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་ཁྲོམ་རའི་འགྲན་རྩོད་ནུས་པ་ལྡན་པའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་འདོན་དགོས། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྣེ་འདྲེན་ཁེ་ལས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་བཏོན་ནས། རྒྱ་ཆེའི་ཞིང་འབྲོག་པར་ཐོན་ལས་ཀྱི་གནས་ཐང་འཕར་མའི་ཁེ་ཕན་དེ་བས་མང་བ་ལོངས་སྤྱོད་ཐུབ་པ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཆོད་སེམས་དེ་བས་བརྟན་པ་དང་བྱ་ཐབས་དེ་བས་ལེགས་པར་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ། ཁེ་ལས་བོད་དུ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་རམ་འདེགས་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།
(པ་ཚེས་བསྒྱུར། པ་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)