《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月23日

ཞི་ཅིན་ཕིང་གིས་མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་པོ་དང་གྲོས་མོལ་གནང་བ།

ཟླ་4ཚེས་21ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་པོ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཁྲ་པོ་དང་སྐུ་ཟླ་ཀའེ་ཐཱ་དང་ལྷན་བཞུགས་སྐུ་པར་བསྐྱོན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་21ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་པོ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བ་དུས་རབས་གསར་པའི་ཀྲུང་མོའི་ལས་དབང་གཅིག་མཐུན་ཚོགས་པར་རིམ་སྤོར་བྱ་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་མོ་ཙམ་པི་ཁེའི་སྲོལ་རྒྱུན་མཛའ་གྲོགས་དེ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ལས་བརྒལ་ཡོད། ཕྱི་འབྲེལ་བཙུགས་ཚུན། ཀྲུང་མོ་རྒྱལ་ཁབ་གཉིས་པོས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་ལྟ་སྐྱོང་བྱས་པར་བརྟེན་ཀྲུང་ཧྥེའི་མཛའ་གྲོགས་དང་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། དུས་བབ་གསར་པར། ཀྲུང་མོའི་མཛའ་གྲོགས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་ཡོད་ལ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་གཅོག་པའི་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཡང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་དང་2026ལོའི“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོ”གོ་སྐབས་སུ་བཟུང་སྟེ་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕུགས་འདུན་མངོན་འགྱུར་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་ནི་ཀྲུང་མོའི་འབྲེལ་བའི་མངོན་གསལ་དོད་པའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་ལེགས་ཆ་ཞིག་རེད། ཕྱོགས་གཉིས་པོས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་གལ་ཆེན་གྱི་གནད་དོན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ཏེ་སྲིད་གཞུང་དང་། སྲིད་ཏང་། ཁྲིམས་འཛུགས་སྒྲིག་གཞི། ས་གནས་སོགས་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་འགྲོ་འོང་ཟབ་ཏུ་བཏང་ནས། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་མོ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཐད་གསབ་རེས་རང་བཞིན་ཆེ་བ་དང་མཉམ་ལས་ཀྱི་མདུན་ལམ་ཡངས་པོ་ཡོད། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་བྱེད་ཐབས་གསར་གཏོད་བྱེད་པ། རྨང་གཞིའི་སྒྲིག་བཀོད་དང་ནུས་ཁུངས་གཏེར་རྫས་ཕྱོགས་བསྡུས་གསར་སྤེལ་གྱི་མཉམ་ལས་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པ། ཞིང་ལས་དང་། ནུས་རྒྱུ་གསར་པ། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས་སོགས་མཉམ་ལས་ཀྱི་འཕར་གཞི་སྐྱེད་སྲིང་ཧུར་ཐག་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་སོགས་སྒྲིག་གཞིའི་ནང་མཐུན་སྦྱོར་གཞོགས་འདེགས་དང་མཐུན་སྒྲིལ་མཉམ་ལས་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཐུན་མོང་ཐོག་དར་སྤེལ་བཏང་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྥེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70སོང་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕྱར་བ་གྲུ་འདེགས་དང་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཚོན་བྱེད་དུ་བྱས་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་འཛམ་གླིང་ཁྲོད་ཀྱི་དྲང་བདེན་སྟོབས་ཤུགས་ཤིག་རེད། འཛམ་གླིང་དབུས་ཤར་དམག་འཁྲུག་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཤུགས་རྐྱེན་ཐེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་ཁ་གཏད་བཅག་སྟེ་ཐུན་མོང་ཐོག་ཞི་བདེར་སྐུལ་འདེད་གཏོང་བ་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་འདོད་ཡོད། གཅིག རྩ་དོན་བརྟན་སྲུང་བྱས་ནས་ཞི་བདེར་སྐུལ་འདེད་གཏོང་རྒྱུ་ཡིན། མཉམ་དུ་དམག་མཚམས་འཇོག་རྒྱུའི་རེ་འབོད་བྱ་རྒྱུ་ཡིན་ལ། འདྲ་མཉམ་གྱི་གླེང་མོལ་བྱས་ཏེ་མི་མཐུན་ས་ཐག་གཅོད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་སྟེ་མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དམིགས་ཡུལ་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། གཉིས། ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་ཡིན། ཀྲུང་གོས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་བའི་བརྒྱུད་རིམ་ནང་ཨ་ཧྥེ་རི་ཁ་ཐོག་མཐའ་བར་གསུམ་དུ་དམིགས་བསལ་གྱི་གནས་བབ་ཐོག་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་ལོའི་ཟླ་5ཚེས་1ཉིན་ནས་བཟུང་ཕྱི་འབྲེལ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་53ལ་སྒོ་ཁྲལ་མི་དགོས་པའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“ཐོགས་མེད་བགྲོད་ལམ”རིམ་སྤོར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཀྲུང་གོར་བཏང་བའི་ཨ་ཧྥེ་རི་ཁའི་ཐོན་རྫས་ཀྱི་འཇུག་འཐུས་སྔར་བས་རྒྱ་ཆེར་གཏོང་རྒྱུ་ཡིན། གསུམ། མཉམ་ལས་གཉིས་ཕན་གྱི་མིག་དཔེ་གཏོད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འབོད་སྒྲར་བརྡ་ལན་ཞུ་བ་དང་། མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན། གཉིས་ཕན་མཉམ་ལས་ལ་ཤུགས་སྣོན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རམ་འདེགས་བཅས་བྱས་ཏེ་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད།

ཁྲ་པོ་ཡིས་གསུངས་དོན། ད་ལོ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐོག་མར་བྱེད་མཁན་གྱི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་གྱུར་པར་ཧ་ཅང་དགའ་པོ་བྱུང་། དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་གྲོགས་འབྲེལ་བ་དང་སྤུན་ཟླའི་དབར་གྱི་མཛའ་གྲོགས་མཚོན་པས་མོ་ཙམ་པི་ཁེའི་མི་དམངས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་མིག་དཔེ་བཟང་པོ་བཏོད་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། མོ་ཙམ་པི་ཁེའི་གྲོགས་པོ་བློས་ཐུབ་ཡིན་པའི་ཀྲུང་གོས་མོ་ཙམ་པི་ཁེ་ཕྱོགས་ལ་ཐོག་མཐའ་བར་གསུམ་དུ་སྒེར་སེམས་མེད་པར་རྒྱབ་སྐྱོར་དང་རོགས་རམ་གནང་གི་ཡོད། མོ་ཙམ་པི་ཁེས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཆ་རྐྱེན་གང་ཡང་མེད་པར་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ་ཀྲུང་གོར་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། མོ་ཙམ་པི་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞིའི་ཐོག་མཐུན་སྒྲིལ་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་ཚོང་དོན་དང་། ཞིང་ལས། ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་དུས་རབས་གསར་པའི་མོ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་འཛུགས་ཀྱི་ལེའུ་གསར་པ་མཉམ་དུ་གཏོད་འདོད་ཡོད། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་དང་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྒོ་ཁྲལ་མི་དགོས་པའི་སྲིད་ཇུས་བཏོན་པ་དེས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་གལ་ཆེན་ཐུབ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཅས་ཀྱིས་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མོ་ཙམ་པི་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དོན་འཁྱོལ་བྱས་ཏེ་འཛམ་གླིང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་འདོད་ཡོད།

གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དང་། དཔལ་འབྱོར་ཚོང་དོན། མི་ཆོས་རིག་གནས་སྤེལ་རེས། སྨན་བཅོས་འཕྲོད་བསྟེན། གསར་འགྱུར་སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་20ལྷག་ཙམ་ལ་མིང་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་བ་རེད།

ཕྱོགས་གཉིས་པོས《དུས་རབས་གསར་པའི་ཀྲུང་མོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མོ་ཙམ་པི་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཁྲ་པོ་དང་སྐུ་ཟླ་ཀའེ་ཐཱ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

ཁྲ་པོ་དེ་གར་འབྱོར་སྐབས་གུས་དམག་གིས་གྲལ་བསྒྲིགས་ནས་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་མོ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་། གནམ་བདེ་སྒོ་མོའི་ཐང་ཆེན་ནས་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཁྲ་པོ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིམ་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་པ་རེད།

དེ་ཉིན་དགོང་མོ། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཁྲ་པོ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

(པ་སངས་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)