《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月19日

༄༅། །ཁྱེད་དང་འགྲོགས་པའི་ལོ་ཟླའི་ཞབས་རྗེས།

སྤེན་ཚེ་གཞོན་པ།

དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་འགྱུར་བག་རབ་ཏུ་རྒོད་པས། ལོ་ཟླ་ཞེས་པའི་དུས་ཀྱི་ཕོ་ཉས་ངའི་ལང་ཚོའི་མེ་ཏོག་ཁད་ཀྱིས་བཅོམ་ཞིང་། ཆུང་དུས་ཀྱི་རྩེད་ར་གྲུ་བཞི་དང་། ཨ་ཅུག ད་དུང་དོར་མ་རྟ་དབྲལ་གྱོན་པའི་རྩེད་གྲོགས་མི་ཉུང་བ་ཞིག་གི་གཟུགས་བརྙན་ད་ཆ་བདག་གི་དྲན་ཤེས་ཀྱི་མེ་ལོང་ངོས་སུ་རབ་རིབ་ཙམ་ལས་འཆར་རྒྱུ་མི་འདུག དེ་བཞིན་འདས་དོན་མང་པོའང་དུས་ཀྱི་རླུང་བུས་རྒྱང་རིང་རྒྱང་རིང་དུ་ཁྱེར་ཟིན་ནས་བདག་གི་དྲན་པའི་ཡུལ་ལས་ཡལ། ཡིན་ནའང་། བདག་གི་དྲན་ཤེས་ཀྱི་མཚོ་མོའི་ངོགས་སུ་ད་ལྟ་ཡང་གསལ་ལེར་དྲན་པ་ནི་བདག་དང་བོད་ལྗོངས་ཉིན་རེའི་ཚགས་པར་དབར་གྱི་ལས་འབྲེལ་རེད།

དཔེ་ཁུག་ཆུང་ཆུང་རྒྱབ་ཏུ་ཁུར་ཞིང་དབྱངས་གསལ་སོ་བཞིའི་རོ་བཅུད་མྱོང་བཞིན་པའི་སློབ་ཆུང་ལོ་རིམ་བཞི་པའི་སྐབས་ཀྱི་ཉིན་ཞིག་ལ། ཨ་མས་གང་ནས་ཁྱེར་ཡོང་བ་བདག་གིས་གསལ་པོར་མི་དྲན་མོད། ཁྱེད་རང་འདི་ལྟར་ངེད་ཚང་དུ་མགྲོན་དུ་ཕེབས། ཁྱེད་རང་ཕེབས་པའི་ཉིན་དེ་ནས་བཟུང་། ལས་བསོད་ཆེ་བའི་ང་རང་ཐོག་མར་ཁྱེད་དང་མཇལ་འཕྲད་ཀྱི་སྐལ་བཟང་སྨིན་པས། ཁྱེད་ཚགས་པར་གྱི་རེས་གཟའ་ཉི་མའི《སྨྱུག་གསར》པར་ངོས་ཀྱི་ནང་དོན་གྱིས་ཁོ་བོའི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་ཕྲོགས་པས། སྐབས་དེ་ཤེད་ནས་ང་དང་ཁྱེད་ཀྱི་དབར་ལ་རིམ་གྱིས་ལས་འཕྲོའི་མདུད་པ་ཐེབས།

སློབ་ཆུང་གི་སྐབས་སུ་ངེད་ཚང་གི་འབྱོར་འཁོས་ཞན་པས། སློབ་ཕྱིའི་ཀློག་དེབ་དཀོན་པའི་དུས་སྐབས་དེར། དུས་ཐོག་ཆར་པ་ལྟ་བུའི་ཁྱེད་རང་ངའི་འཚོ་བ་དང་ཉེ་བར་བཅར་བ་ནི་ཅི་འདྲའི་ལས་བསོད་ཆེ་བ་ཞིག་མ་རེད་དམ། དེ་ནས་བཟུང་། དམའ་འབྲིང་མ་ཐོན་བར་དུ་ངས་རེས་གཟའ་ཉི་མའི་བོད་ལྗོངས་ཉིན་རེའི་ཚགས་པར་ཅིས་ནས་ཀྱང་ལག་སོན་ཡོང་ཨེ་ཐུབ་བྱས་པ་ཡིན། ཚགས་པར་ལག་ཏུ་འབྱོར་ཐེངས་རེར། ང་རང་ལ་ཐོབ་པར་དཀའ་བའི་རྔན་པ་ཞིམ་པོ་ཞིག་ཐོབ་པ་ལྟར་ཡིད་སེམས་དགའ་སྤྲོས་མྱོས་པ་ཉུང་ཉུང་མིན། ཚགས་པར་གྱི《སྨྱུག་གསར》པར་ངོས་སུ་བཀོད་པའི་སྙན་འཇེབས་ལྡན་པའི་ཚིག་གི་སྦྱོར་བ་དང་། ཕུན་སུམ་ཚོགས་པའི་བརྗོད་བྱའི་ནང་དོན་གྱི་བསླུ་བྲིད་ལ་མ་བཟོད་པར། ངས་ནན་ཏན་གྱིས་ཡང་ནས་བསྐྱར་དུ་ལྟ་ཀློག་བགྱིས་པས། སློབ་དེབ་འབའ་ཞིག་གི་གཟུངས་གཞུག་ལས་མེད་པའི་བདག་གི་ཡིད་ཀྱི་ཁང་བཟང་དུ་སྣ་མང་ཤེས་བྱའི་ནོར་གྱིས་གཏམས་སོང་། དེ་ལྟར་ཉིན་ཐོག་ཟླ་བརྩེགས་དང་ཟླ་ཐོག་ལོ་བརྩེགས་ཀྱིས་འབད་བརྩོན་ལ་བརྟེན་པས། བདག་གི་བོད་ཡིག་གི་ཆུ་ཚད་ཀྱང་ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ་སོང་ལ། དམའ་འབྲིང་སྐབས་སུ་བོད་ཡིག་གི་རྩོམ་ཡིག་ཐུང་ཐུང་འབྲི་བར་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་དཔེ་ལྟར། ཚགས་པར་ནས་སྦྱངས་པའི་ཕུན་སུམ་ཚོགས་པའི་བརྗོད་བྱ་དོན་དང་ཚིག་སྦྱོར་སྤེལ་སྟངས་ལ་ལད་མོ་བྱས་ཏེ། དེ་དག་སྨྱུག་རྩེར་སྒྲོན་ཅི་ཐུབ་ལ་འབད་པས། བོད་ཡིག་རྒན་ལགས་ཀྱི་བསྟོད་བསྔགས་ཀྱང་མི་ཉུང་བ་ཐོབ་མྱོང་། ཡིན་ནའང་། དམའ་འབྲིང་སློབ་མཐར་ཕྱིན་ནས་འབྲིང་རིམ་དགེ་འོས་སློབ་གྲྭ་དང་སློབ་ཆེན་གྱི་སྐས་རིམ་འགྲིམ་དུས། རི་བོའི་གཏོས་བཞིན་མང་བའི་སློབ་གྲྭའི་དཔེ་མཛོད་ཁང་གི་སྣ་མང་དཔེ་དེབ་ཀྱིས་ཁོ་བོའི་དཔེ་ཀློག་གི་འདོད་བློ་ཡོངས་སུ་བཀང་བས། གུས་པ་དང་བོད་ལྗོངས་ཉིན་རེའི་ཚགས་པར་གྱི《གངས་ལྗོངས་མེ་ཏོག》པར་ངོས་དབར་མཇལ་འཕྲད་ཀྱི་བསྐལ་པ་ཇེ་ཉུང་ནས་ཇེ་ཉུང་དུ་སོང་།

དེ་ལྟར་གཙུག་ལག་རིག་པའི་ལྡིང་ཁང་ནས་ཤེས་རིག་གི་དབྱིག་ནོར་གང་མང་ཞིག་རང་གི་སེམས་ཀྱི་རྒྱགས་ཕྱེ་དང་མི་ཚེའི་ཧྲིལ་པོའི་ནོམ་པ་རུ་བླངས་ཏེ། སློབ་མཐར་ཕྱིན་རྗེས། ལས་ཞོར་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་རང་གི་མཐོང་ཐོས་མྱོང་གསུམ་དང་སེམས་ཀྱི་འཆར་སྒོ་ཅི་རིགས་མཚོན་པའི་རྩོམ་ཡིག་ཐུང་ཐུང་མང་པོ་དེབ་ཆུང་ཞིག་ཏུ་བྲིས་ཏེ་རང་ཉིད་ཁོ་ན་ལས་གཞན་སུ་ལའང་སྟོན་མ་མྱོང་བས་དེ་ནི་གསང་བ་ཡང་གསང་གི་ཚུལ་དུ་གྱུར།

སློབ་མཐར་ཕྱིན་ནས་དུས་ཀྱི་བགྲང་བྱ་ཁ་ཤས་འདས་པའི་ཉིན་ཞིག་ལ། སྟེས་དབང་གི་གོ་སྐབས་ཤིག་གིས་དྲ་ལམ་ནས་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གློག་རྡུལ་པར་གཞི་ཞིག་རྙེད་བྱུང་བར་དེ་མ་ཐག་ཁ་ཕྱེ་ནས་བལྟས་པས། 《རྩོམ་རིག་དགའ་ཚལ》གྱི་པར་ངོས་དངོས་སུ་ཞལ་མཇལ་བྱུང་བས། ཡུན་རིང་མ་ཕྲད་པའི་གྲོགས་པོ་ཞིག་དེ་རིང་སྟེས་དབང་གིས་འཕྲད་པ་ལྟ་བུའི་དགའ་སྤྲོས་རབ་ཏུ་མྱོས། ད་དུང་ཚགས་པར་གྱི་པར་ངོས་དེའི་གཞོགས་ཤིག་ཏུ་རྩོམ་ཡིག་བསྐུར་སའི་གློག་རྡུལ་ཡིག་སྒམ་ཞིག་ཀྱང་བཀོད་འདུག་པ་མཐོང་བས། དེ་ནི་ཁོ་བོ་དགའ་བའི་གསོས་སུ་སྨིན་ཏེ། བློ་ཁོག་ཆེན་པོས་ལྟ་ཚོད་ཀྱིས་རང་གིས་བྲིས་པའི་ལག་བྲིས་ཀྱི་རྩོམ་ཡིག་གཅིག་ཡིག་གཏགས་བྱས་ནས་གློག་རྡུལ་ཡིག་སྒམ་དུ་བསྐུར་བ་ཡིན།

མི་རིང་བར་ཁོ་བོའི་རྩོམ་ཡིག་དེ་སྤྱི་ལོ་2010ལོའི་ཟླ་11པའི་ཚེས་4ཉིན་གྱི་རེས་གཟའ་ཉི་མའི《རྩོམ་རིག་དགའ་ཚལ》གྱི་པར་ངོས་སུ་བཀོད་འདུག་པས། རང་ཉིད་ཀྱི་སེམས་ལ་སྨྲ་བརྗོད་ལས་འདས་པའི་དགའ་སྤྲོ་དང་སྟོབས་ཤུགས་བསྐྱེད་དེ། རང་གིས་བྲིས་པའི་རྩོམ་ཡིག་དག་གཅིག་མཇུག་གཉིས་མཐུད་དུ་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་ཁང་དུ་བསྐུར་བས། དེ་དག་ལས་མི་ཉུང་བ་ཞིག་ཚགས་པར་དུ་བཀོད་ཐུབ་སོང་བས། དེ་ལྟར་སླར་ཡང་རང་ཉིད་དང་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ལས་འབྲེལ་བཟང་པོའི་རྒྱུན་མཐུད་ཐུབ་སོང་།

ད་ཆ་ང་རང་ནི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཀློག་པ་པོ་རྣལ་མ་ཞིག་ཏུ་གྱུར་ཟིན། དེ་བས་ཚགས་པར་འདིའང་སྔར་གྱི་ཤོག་བུའི་ཚགས་པར་དེ་ཁོ་ན་ཙམ་མ་ཡིན་པར། དུས་རབས་ཀྱི་འགྲོས་དང་བསྟུན་ནས་གློག་ཀླད་དང་ཁ་པར་ནས་ཀྱང་ཚགས་པར་གྱི་ནང་དོན་དུས་ཐོག་ཏུ་ལྟ་ཐུབ་པས། ངས་ཀྱང་སེམས་ཞིབ་མོས《རྩོམ་རིག་དགའ་ཚལ》གྱི་པར་ངོས་ཀྱི་རྩོམ་ཡིག་རེ་རེ་མིག་གིས་འཚོས་ཤིང་སེམས་ཀྱིས་ཀློག་བཞིན་ཡོད། དེ་བས་རང་གི་ནང་སེམས་ཀྱི་ཚོར་འདུ་དག་དབྱངས་གསལ་སོ་བཞིའི་མཛེས་རིས་ཀྱིས་མཚོན་ཏེ། ཚགས་པར་མཛེས་པའི་རྒྱན་དུ་སྤྲོས་ཅི་ཐུབ་བྱེད་བཞིན་ཡོད།

གང་ལྟར་ཀྱང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཞིང་ས་གཤིན་པོ་གང་དེར་གཡུར་ཟའི་འབྲས་བཟང་སྨིན་པ་དཔྱོད་ལྡན་སྐྱེ་བོ་ཀུན་གྱིས་མཐོང་ཆོས་སུ་ལགས་ན། དེ་ནི་ཞིང་ས་འདི་ཉིད་དུས་གསུམ་ཀུན་ཏུ་སེམས་དང་བསམ་པས་གཉོར་སྐྱོང་གནང་བཞིན་པའི་རྩོམ་སྒྲིག་པ་རྒན་དར་གཞོན་གསུམ་ཀུན་གྱི་བཀའ་དྲིན་ཉག་གཅིག་ཡིན་པ་སྨོས་ཅི་དགོས། དེ་བས་ངེད་ཅག་གིས་ཁོང་རྣམས་ལ་བཀའ་དྲིན་ཆེ་ཞུ་དགོས། གལ་སྲིད་ཁོང་ཅག་གིས་ལྷག་བསམ་རྣམ་དག་གི་གཤིས་རྒྱུད་དང་། དཀའ་སྤྱད་ཁུར་བཟོད། ལས་ཀའི་འགན་སེམས་དེ་མེད་ན། ད་ལྟའི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཇུས་བཀོད་མཛེས་ལ་ནང་དོན་ལེགས་པའི་འཕྲིན་ལས་རླབས་པོ་ཆེ་འདི་འདྲ་གཏན་ནས་ཡོང་མི་སྲིད་དོ། །