ང་ནི་གངས་རིའི་གསེང་ལས་བརྡོལ་བའི་ཤེལ་གྱི་ཆུ་མིག་ཅིག །
ང་ནི་ས་འཛིན་ཕྲེང་བའི་ཚེ་སྲོག་གསོ་བའི་སྐྱེད་ཡུམ་ཡིན། །
ང་ནི་རྩྭ་ཐང་མུ་ཁྱུད་ཡངས་པོར་བཅིངས་པའི་སྐ་རགས་ཡིན། །
ང་ནི་གྲོག་རོང་ཟབ་མོ་བརྒྱུད་ནས་འབབ་པའི་ཉལ་འགྲོ་ཡིན། །
ཤག་ཤག་བཞུར་སྒྲ་སྙན་མོ་ང་ཡི་སེམས་ཀྱི་དབྱངས་རྟ་ཡིན། །
གསེར་མིག་ཉ་མོའི་འཁྱུག་རྩལ་ང་ཡི་ལུས་ཀྱི་ལྡེམ་མྱུར་ཡིན། །
ལྦུ་བའི་རླབས་ཕྲེང་དཀར་པོ་ང་ཡིས་བཏེཊ་པའི་སྐྱེམས་ཆང་ཡིན། །
དར་དཀར་ཡོལ་བ་རིང་མོ་ང་ཡི་ལུས་ཀྱི་ལྭ་བ་ཡིན། །
དྭངས་གཙང་ཆུ་ཕྲན་ང་ནི་འཛམ་གླིང་མི་ཡི་བཏུང་བྱ་ཡིན། །
ཡན་ལག་བརྒྱད་ལྡན་ཆུ་བོའི་ཡོན་ཏན་མ་ལུས་བདག་ལ་ཚང་། །
སྐོམ་སེལ་བདུད་རྩིའི་ཆབ་རྒྱུན་དྲོན་མོ་ལྷུང་ལྷུང་འབབ་བཞིན་དུ། །
ལ་ལུང་འགག་འཕྲང་དོག་མོ་སྤོབས་པས་གཏོར་ནས་རྒྱང་དུ་བཞུར། །
ཆུ་འགོ་མུ་ཏིག་མདངས་འཛིན་ཆུ་རྔ་སྨད་ཀྱི་རྒྱ་མཚོར་འདྲེས། །
འབྲོག་མོས་ལན་གསུམ་བཅུས་ཤིང་ཆུ་ཕུད་ལན་གསུམ་མཁའ་ལ་སྟོར། །
བརླན་གཤེར་རང་བཞིན་ཐིཊ་པས་རྩྭ་དང་མེ་ཏོག་འདབ་མ་གསོ། །
འཇིག་རྟེན་སྐྱེ་འགྲོ་མ་ལུས་ཆུ་ཕྲན་བཅུད་ལ་དགའ་མགུར་རོལ། །
ཆུ་ཕྲན་ཟེཊ་མ་འཐོར་བའི་གཙང་ཆབ་སྔོན་མོའི་བཅུད་བཟང་གིས། །
ལུས་ལ་བྱབས་ཁྲུས་གནང་ཞིང་ཚ་གདུང་ངལ་བ་རྨང་ནས་སེལ། །
ནོར་ལུག་མུ་ཏིག་བཀྲམ་པའི་ཆུ་འགྲམ་ཁོར་ཡུག་མཐའ་འཁོར་ན། །
སྙིང་སྡུག་གཞོན་ནུ་ཕོ་མོས་སྙིང་གཏམ་ཆུ་མོའི་འགྲམ་དུ་བཤད། །
མཚན་མོའི་ཟླ་བ་དང་ནི་ཆུ་ལེན་བུ་མོའི་གཟུགས་བརྙན་དེ། །
བྱེད་པོས་མ་བཞེངས་མ་བྲིས་རང་བྱུང་ཆུ་ལ་ཤར་བ་ནི། །
བི་ཤྭ་ཀརྨའི་སོར་མོའི་རྩལ་གྱིས་བྲིས་སམ་འཕྱང་མོ་ཉུག །
སྙན་ངག་ཚིག་གིས་ལན་བརྒྱར་བྲིས་ཀྱང་ཆ་ཙམ་མཚོན་ཐབས་བྲལ། །
ཆུ་ཕྲན་ང་ཡི་རྒྱུན་བཟང་རིང་མོ་འཛིན་མའི་གཞི་ན་རྒྱུ། །
ཤག་ཤག་བཞུར་སྒྲའི་རོལ་དབྱངས་སྙན་མོས་ཁུ་སིམ་ཁད་ཀྱིས་དཀྲོག །
ཆུ་འགྲམ་ནགས་ཀྱི་རི་སུལ་དག་ན་བྱ་བརྒྱའི་གྲེ་འགྱུར་འཇེབས། །
ན་ཆུང་རྣམས་ནི་ཆུ་རྩེད་གར་གྱི་ཀློང་ན་སྤྲོ་བས་བཟི། །
དབྱར་ཁ་ཚ་དུས་ཆུ་ཕྲན་ང་ཡིས་སེམས་ཅན་བསིལ་བར་བྱས། །
དགུན་ཁ་འཁྱག་དུས་ཆུ་ཕྲན་སྔོན་མོ་དར་དང་ཁ་བས་གཡོགས། །
དཔྱིད་ལ་ཞིང་དང་མེ་ཏོག་གསོ་བའི་དལ་འབབ་བྱེད་པོ་ཡིན། །
སྟོན་ལ་འབྲུ་དང་ལོ་ལེགས་སྐྱོང་བའི་སྣོད་བཅུད་བདག་པོ་ཡིན། །
དེ་ལྟར་ཆུ་ཕྲན་རང་གཏམ་ཚིག་གི་ཕྲེང་བ་འདིར། །
མཁས་པ་དགྱེས་པའི་ངག་རིག་སྡེབ་སྦྱོར་ལེཊ་པོ་མ་མཆིས་ཀྱང་། །
ཚོར་འདུ་རྣལ་མའི་སེམས་བྱུང་མཚོན་པའི་འདུ་བྱེད་སོར་རྩེ་ལས། །
དབང་མེད་བརྡོལ་བའི་ཡི་གེའི་རོལ་རྩེད་སྨྱུ་གུའི་གར་དུ་བསྒྱུར། །