《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月19日

༄༅། །མི་ཚེའི་གཏན་གྲོགས་བཟང་པོ།

——བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ།

ལྷ་ལུང་ཀརྨ་ཤེས་རབ།

ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལྗོངས་ཉིན་རེའི་ཚགས་པར་འདི་ཉིད་ཏང་སེམས་དང་དམངས་སེམས་གྱི་འབྲེལ་ཟམ་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་ལོ་ངོ་བདུན་ཅུའི་རིང་དོན་དངོས་དང་འཚོ་བ། མང་ཚོགས་བཅས་དང་ཉེ་བར་བཅར་ཐོག དུས་རབས་ཀྱི་འཕེལ་རིམ་ཡི་གེར་བཀོད་ཅིང་གངས་ལྗོངས་ཀྱི་མཛེས་སྡུག་རི་མོར་ཕབ་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་བམ་པོ་རྩ་ཆེན་ཞིག་བརྩམས་ཡོད།

ང་རང་བྱིས་པ་ཡིན་དུས། རང་ཉིད་ལས་ལོ་ཚོད་ཅུང་རྒན་པའི་འབྲོག་པ་ན་གཞོན་ཚོས་ནོར་ལུག་འཚོ་ཞོར་དང་རྫི་ཇ་སྐོལ་ཞོར་དུ་ལྷོད་ལྷོད་དང་ནན་ཏན་ངང་ཚགས་པར་གྱི་ནང་དོན་ལྟ་ཀློག་བྱེད་ཀྱི་འདུག དེ་དུས་ངས་ཡི་གེ་ཤེས་ཀྱི་མེད་མོད། ཕྱིས་སུ་ཧ་གོ་དུས་གཞོན་ནུ་ཚོས་ལྟ་ཀློག་བྱེད་མང་བའི་ཤོག་ལྷེ་ཆེན་པོ་དེ་དག་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཡིན་པ་ཤེས། སྐབས་དེ་དུས་མང་ཚོགས་ཁྲོད་དུ་དཔེ་དེབ་ཁྱབ་ཆུང་ཡང་བོད་ལྗོངས་ཉིན་རེའི་ཚགས་པར་ནི་གཞི་རིམ་ཤང་གྲོང་དང་དུད་ཚང་གང་སར་ཁྱབ་རྒྱ་ཧ་ཅང་ཆེ་བ་མ་ཟད། ཤང་དང་གྲོང་ཚོའི་དབུ་ཁྲིད་ཚོས་ཚགས་པར་གྱི་གསར་འགྱུར་དང་སྲིད་ཇུས་སྒྲོག་འགྲེལ་གནང་བའི་གཟུགས་བརྙན་དག་དུས་ད་ལྟའང་བདག་གི་དྲན་པའི་ངོས་སུ་གསལ་པོར་འཆར་གྱི་འདུག ལུང་ཁུག་ནས་བརྒལ་ཏེ་ཕྱིའི་འཇིག་རྟེན་གྱི་གནས་ཚུལ་ཤེས་པར་ནུས་པའི་ཡ་མཚན་གྱི་ཤོག་ལྷེ་དག་ལ་ང་རང་ཡིད་སྨོན་དང་ཡ་མཚན་གྱི་སྣང་བ་ཚད་མེད་སྐྱེ་བ་མ་ཟད། ངས་བོད་ཡིག་སྔ་ཙམ་ཤེས་ན་ཅི་མ་རུང་སྙམ་གྱི་ཡོད། དོན་འདི་ནི་བདག་གི་བོད་ཡིག་སྦྱོང་འདོད་ཀྱི་ཐོག་མའི་སྒུལ་ཤུགས་ཉག་གཅིག་ཡིན།

དུས་རབས་གོང་མའི་ལོ་རབས་དགུ་བཅུའི་ཞོགས་པ་ཞིག་ལ། ང་རང་སློབ་ཆུང་ལོ་རིམ་དང་པོའི་ཐེམ་པར་འཛེགས། ངས་དབྱངས་དང་གསལ་བྱེད་ཀྱི་ཡིག་ངོ་ཤེས་ཤིང་ཡིག་ཕྲེང་དང་ཚིག་དུམ་རེ་རེར་བསྡུས་ཀློག་རྒྱག་ཤེས་དུས། འཛམ་གླིང་གིས་ང་ལ་སྒེའུ་ཁུང་གསར་པ་ཞིག་ཕྱེ་བ་དང་འདྲ་སྟེ། དུས་དེ་ནས་བཟུང་། ང་རང་བོད་ལྗོངས་ཉིན་རེའི་ཚགས་པར་ལྟ་བར་མོས་ལ་ཚགས་དེབ་དཔར་མ་རེ་ལག་ཏུ་རག་ན་རྩ་ཆེ་བའི་ནོམ་པ་གང་རུང་རྙེད་པ་ལྟར་དགའ་ཚོར་དཔག་མེད་སྐྱེ་གི་ཡོད། ལྷག་པར་དུ། གངས་ལྗོངས་མེ་ཏོག་དང་རྩོམ་རིག་དགའ་ཚལ་གྱི་པར་ངོས་ནི་བྱིས་དུས་ཀྱི་ཆེས་རྩ་ཆེ་བའི་བསམ་པའི་རྒྱགས་ཕྱེར་གྱུར། ང་རང་ཚགས་དེབ་གཞན་ལ་མི་དགའ་བ་མ་ཡིན་མོད། སྐབས་དེ་དུས་བོད་ལྗོངས་ཉིན་རེའི་ཚགས་པར་ཕུད། དེ་མིན་སློབ་གསེང་གི་བལྟ་བྱ་དང་བཀླག་བྱའི་ཚགས་དེབ་གཞན་དེ་ཙམ་མཐོང་རྒྱུ་མེད།

ང་རང་སློབ་གྲྭ་ཆུང་འབྲིང་འགྲིམ་དུས། ཚགས་པར་གྱི་ཡིག་འབྲུ་རེ་རེ་བཞིན་ཞིབ་པར་བཀླགས་ཤིང་ཡི་གེའི་ཕྲེང་བའི་གསེང་ནས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་རྣམ་པར་མྱོང་རོལ་བྱེད་ཀྱི་ཡོད། ཡིད་དབང་འཕྲོག་པའི་ལེའུ་དེ་དག་གིས་ངའི་ལྟ་ཀློག་གི་དགོས་མཁོ་སྐོང་ཞོར་མཚམས་འདི་ནས་ང་ལ་རྩོམ་རིག་གི་མངར་ཁ་དང་དགའ་ཞེན་ངང་གིས་རྙེད།

དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས། ཚགས་དེབ་དཔེ་ཀློག་གི་མཐུན་རྐྱེན་སྣ་ཚོགས་སུ་གྱུར་ཡང་། ངས་བོད་ལྗོངས་ཉིན་རེའི་ཚགས་པར་ལྟ་ཀློག་གི་རྒྱུན་ཆད་མྱོང་མེད། ང་རང་ནམ་རྒྱུན་ལེགས་རྩོམ་ཉར་ཚགས་དང་རྩོམ་ཐུང་འབྲི་སྦྱོང་བྱེད་པར་དགའ་བས། ད་ཆ་ཁྱིམ་དུ་ཉར་ཚགས་བྱས་པའི་རྩོམ་རིག་པར་ངོས་300ལྷག་ཙམ་ཡོད་ལ། དེའི་ནང་དུས་རབས་གོང་མའི་ལོ་རབས་བདུན་ཅུ་བརྒྱད་ཅུའི་ཚགས་པར་མདོག་ཅུང་སེར་ཤས་ལྡན་པའི་པར་ངོས་འགའ་ཡང་ཡོད། རྐང་པ་ཅུང་ཐུང་བའི་ཡིག་གཟུགས་དང་ལག་བྲིས་ཀྱི་བར་བཅུག་རི་མོ་སྙིང་རྗེ་བའི་པར་ངོས་དག་ནི་ལོ་རྒྱུས་ཀྱི་དཔང་རྟགས་དང་ཟུབ་ཏུ་མེད་པའི་ལོ་ཟླའི་རྗེས་ཤུལ་ཅི་ལ་མིན། དམངས་ཁྲོད་རྩོམ་རིག་གི་ཤུགས་རྐྱེན་ཞིག་གིས་2003ལོ་ཙམ་ནས་རྩོམ་ཐུང་ཁྱར་ཁྱོར་རེ་འབྲི་འགོ་བརྩམས་ཤིང་། 2008ལོར་ངས་གདེང་ཚོད་ཀྱི་སྨྱུ་གུ་ལག་ཏུ་ཐོགས་པའི་རྩོམ་ཡིག་ཅིག་བོད་ལྗོངས་ཉིན་རེའི་ཚགས་པར་དུ་བསྐུར་བར། ཏག་ཏག་རེས་གཟའ་ཉི་མའི་རྩོམ་རིག་པར་ངོས་སུ་འཁོད་ཐུབ་པ་བྱུང་། རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་དག་རྒྱུས་མངའ་ཅན་གྱི་པར་ངོས་སུ་འཁོད་དུས། སེམས་ལ་དགའ་བ་དང་སྤྲོ་བ་ཚད་མེད་འཕེལ་ལ། དུས་དེ་ནས་བཟུང་། གུས་པས་ལས་ཞོར་འཕྲིན་སྤེལ་བ་སོགས་ཀྱི་མིང་ཐོག་ནས་རྩོམ་ལུས་འདྲ་མིན་གྱི་རྩོམ་ཐུང་གང་མང་ཚགས་པར་དུ་སྤེལ་ཐུབ་པ་བྱུང་།

ལོ་ངོ་བདུན་ཅུའི་རིང་ཐོག་མའི་བསམ་འདུན་ལ་འགྱུར་བ་མེད་པས། གལ་ཆེའི་གསར་འགྱུར་དང་ས་གནས་གསར་འགྱུར། འཚོ་བའི་བར་མཐོངས། སྤེན་སྐྱིད་དགའ་ཚལ། རྩོམ་རིག་དགའ་ཚལ་སོགས་ཀྱི་ལེ་ཚན་དག་དུས་ད་ཆའང་སྔར་བཞིན་ང་ཚོའི་མིག་ལམ་དུ་མཇལ་རྒྱུ་ཡོད། ས་མཐོར་གཞི་ཚུགས་ཤིང་ཆ་འཕྲིན་བརྒྱུད་སྤེལ་གྱི་ཐབས་ལ་མཁས་པའི་དུས་རབས་ཀྱི་ཕོ་ཉ་སྟེ། བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་མཚམས་འདིར། གུས་པས་རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱི་ཚབ་ཞུས་ནས་བླ་ན་མེད་པའི་གུས་འདུད་དང་སྦྲགས། གསར་འགོད་སྲིད་གླེང་གི་རྫོང་མཁར་རྒྱུན་དུ་བརྟན་ཞིང་། རྩོམ་རིག་སྒྱུ་རྩལ་གྱི་སྐྱེད་ཚལ་རྟག་ཏུ་སྣུམ་པ། མདོར་ན། གངས་ལྗོངས་ས་མཐོའི་འཕོ་འགྱུར་གྱི་རྣམ་པ་མ་ལུས་རྒྱུན་དུ་སྒྲོག་ཅིང་། དུས་རབས་གསར་པའི་བོད་ཀྱི་འབྱུང་འགྱུར་དེ་བས་འོད་སྟོང་འཕྲོ་བའི་བཀྲ་ཤིས་ཁ་གཡང་ཡང་ནས་ཡང་དུ་སྒྲོག་པར་བྱའོ།།