འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སློབ་གསོ་ཐིང་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། 2025ལོར་རང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་རོགས་དངུལ་རིགས་སྣ་ཚོགས་སྒོར་དུང་ཕྱུར་53.69དོན་འཁྱོལ་བྱས་པར་སློབ་མ་མི་ཐེངས་ཁྲི་216.66ལ་ཕན་པ་ཐོབ་སྟེ། སློབ་སྦྱོང་དུས་མཚམས་ཧྲིལ་པོ་དང་ཕྱོགས་ཡོངས་ཀྱི་རོགས་དངུལ་འགན་སྲུང་མ་ལག་བསྐྲུན་ཡོད་པ་རེད།
རྨང་གཞིའི་སློབ་གསོ་དང་འབྲིང་རིམ་ལས་རིགས་སློབ་གསོའི་དུས་མཚམས་སུ། 2025ལོར་རང་ལྗོངས་ཀྱིས་རོགས་དངུལ་སྒོར་དུང་ཕྱུར་45.69དོན་འཁྱོལ་བྱས་པས་མི་ཐེངས་ཁྲི་202.4ལ་ཕན་པ་ཐོབ་ཡོད། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཡོངས་ལ་ཁྱབ་པའི་ལོ་15ཡི་གཞུང་གྲོན་སློབ་གསོ་མུ་མཐུད་ལག་བསྟར་བྱས་ནས་2026ལོར་ཞིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སློབ་ཡོན་མི་དགོས་པའི་སློབ་གསོའི་ནོར་སྲིད་ཁ་གསབ་ཚད་གཞི་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་1000བར་མཐོ་རུ་བཏང་བ་དང་།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ལོ་15ཡི་རིང“བཟའ་སྡོད་འགན་ལེན་དང་གཞི་རྩའི་སློབ་ཡོན་འགན་ལེན་བྱེད་པའི”སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཞིང་འབྲོག་པའི་བུ་ཕྲུག་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག དེ་བཞིན་གཞུང་ལམ་བདག་སྐྱོང་ལས་བཟོའི་བུ་ཕྲུག་བཅས་ལ་ཁྱབ་པས། ལོ་རེར་སློབ་མ་རེར་ཆ་སྙོམས་ཚད་གཞི་སྒོར་5940ཟིན་ཡོད། དམིགས་བསལ་སློབ་གསོའི་སློབ་མ་དང་། གྲལ་སྡོད་མཉམ་སྦྱོང་སློབ་མ། མཐའ་མཚམས་རྫོང་སོགས་ཀྱི་དམིགས་བསལ་ཚོགས་སྤྱིར་ཁྱད་པར་ཅན་གྱི་སྲིད་ཇུས་ཀྱི་ཚད་གཞི་ལག་བསྟར་བྱས་ཡོད། “འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སྤྱོད་ཐུབ་མེད་པའི་ཞིང་འབྲེལ་ཆེད་ལས་སློབ་མ་དང་ཐེམ་ཁུངས་བོད་ནས་མིན་པ་དང་ཞིང་འབྲེལ་ཆེད་ལས་མིན་པའི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་སོགས་རིགས་གསུམ་གྱི་ཚོགས་སྤྱི་འབྲིང་རིམ་ལས་རིགས་ཀྱི་རྒྱལ་ཁབ་སློབ་སྐྱོར་རོགས་དངུལ་གྱི་ཁྱབ་ཁོངས་ནང་བཅུག་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་ལོངས་སྤྱོད་ཐུབ་ཡོད་པ་རེད།
དེ་དང་ཆབས་ཅིག འབྲིང་རིམ་ལས་རིགས་ཀྱི་རྒྱལ་ཁབ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་པའི་ལམ་ལུགས་མུ་མཐུད་ལག་བསྟར་བྱས་ཏེ། རང་བརྟེན་ལས་གཏོད་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་འབྲིང་རིམ་ལས་རིགས་ཀྱི་སློབ་ཐོན་སློབ་མར་མཐོ་སློབ་སློབ་ཐོན་སློབ་མ་དང་གཅིག་མཚུངས་ཀྱི་སློབ་ཡོན་ཁ་གསབ་དང་དངུལ་བུན་ཚབ་འཇལ་གྱི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་རེད།
མཐོ་རིམ་སློབ་གསོའི་དུས་མཚམས་སུ། 2025ལོར་རང་ལྗོངས་ཀྱིས་རོགས་དངུལ་སྒོར་དུང་ཕྱུར་6.99དོན་འཁྱོལ་བྱས་པར་མི་ཐེངས་ཁྲི་10.97ལ་ཕན་པ་ཐོབ་པ་དང་། སྤྱི་ཚོགས་དང་དེ་བཞིན་སློབ་གྲྭའི་ནང་གི་རོགས་དངུལ་སྒོར་དུང་ཕྱུར་1.01ཟིན་ནས་མི་ཐེངས་ཁྲི་3.29ལ་ཕན་པ་ཐོབ་ཡོད། ལྗོངས་ཡོངས་སུ“བྱ་དགའ་དང་། དངུལ་བུན། རོགས་སྐྱོར། སློབ་ཞོར་ལས་ཀ ཁ་གསབ། སློབ་ཡོན་མི་དགོས་པ”བཅས་ཕྱོགས་དྲུག་གཞི་གཅིག་གི་རོགས་དངུལ་མ་ལག་བསྐྲུན་ནས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་སློབ་གྲྭར་མ་ཞུགས་གོང་དང་། སློབ་གྲྭར་ཞུགས་སྐབས། སློབ་གྲྭར་ཞུགས་རྗེས་བཅས་ཚང་མར་སེམས་ཁྲལ་མི་དགོས་པའི་འགན་ལེན་བྱས་ཡོད་པ་རེད།
མིག་སྔར། རང་ལྗོངས་ཀྱི་སློབ་མའི་རོགས་དངུལ་ལས་དོན་མ་ལག་གཞི་རྩའི་ཆ་ནས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མའི་སློབ་གསོ་ཐོབ་དབང་ལ་འགན་སྲུང་ནུས་ལྡན་བྱས་པས། ལྗོངས་ཡོངས་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སློབ་གསོའི་ལྗོངས་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་ཐུབ་ཡོད་པ་རེད།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)