《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月15日

ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས།

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པ་བཀོད་སྒྲིག་བྱས་ཚུན། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་འཕྲལ་དུ་དང་ལེན་ཞུས་པ་དང་ཕྱོགས་ཡོངས་ནས་ལས་དོན་སྤེལ་འགོ་ཚུགས་ཏེ། སྲིད་ཇུས་དྲིལ་བསྒྲགས་དང་། རིག་གནས་རྒྱུན་འཛིན། རྩལ་ནུས་མཐོར་གཏོང་བཅས་བྱ་རྒྱུ་དེ་གཞི་རིམ་བཅོས་སྐྱོང་དང་མཉམ་འདྲེས་གཏིང་ཟབ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྨར་ཁམས་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོས“དམངས་ཡོངས་ཞུགས་པའི”རྩ་དོན་མཐའ་འཁྱོངས་ཀྱིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་མཉམ་འགུལ་གང་ལེགས་བྱས་པ་བརྒྱུད། ཞིང་འབྲོག་པ་དང་། སློབ་མ། ལས་བྱེད་ལས་བཟོ་སོགས་ལས་རིགས་ཁག་གི་མི་སྣ་ཞུགས་པར་སྐུལ་སློང་རྒྱ་ཁྱབ་བྱས་པ་རེད། ཤང(གྲོང་རྡལ)གི་ལས་བྱེད་པ་དང་། གྲོང་སྡོད་ལས་བྱེད་པ། གཞི་རིམ་མི་དམངས་ཉེན་རྟོག་པ་སོགས་མཉམ་དུ་ཞུགས་པས། ཏང་ཡོན་དང་ལས་བྱེད་པས་དྲིལ་བསྒྲགས་པ་དང་། སྒྲིག་འཛུགས་པ། ལྟ་སྐུལ་བ། ཞབས་ཞུ་བ། གསོ་སྦྱོང་བ། ཤན་འབྱེད་པ་བཅས་མི་སྣ་དྲུག་གི་ནུས་པ་བཏོན་ནས། ལས་བྱེད་པ་དང་མང་ཚོགས་ཚོས་མཉམ་དུ་ལས་ཀ་དང་མཉམ་དུ་འགྲན་བསྡུར་བྱེད་པའི་ཁོར་ཡུག་ཟབ་མོ་རྒྱུན་མཐུད་བཏོད་པ་རེད།

ད་ཐེངས་ཀྱི་བྱེད་སྒོས་གྲོང་གསེབ་དར་རྒྱས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་ཏེ་སྲོལ་རྒྱུན་གྱི་སྒྱུ་རྩལ་དང་དེང་རབས་ཀྱི་རྩལ་ནུས་གཅིག་ལ་གཅིག་བརྟེན་དང་སྐུལ་འདེད་གཏོང་རེས་བྱས་ཤིང་། སྲོལ་རྒྱུན་གྱི་རྩལ་ནུས་འགྲན་ཁུལ་དུ་ལག་ཤེས་བསླས་འཐག་དང་། ཐང་ག་བཞེངས་པ། སྤོས་སྦྱོར་སོགས་རྣམ་གྲངས་དེ་དག་ནི་རྩལ་ནུས་འགྲན་བསྡུར་གྱི་གར་སྟེགས་ཤིག་ཡིན་པ་མ་ཟད་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འགྲེམས་སྟོན་སྐར་ཁུང་ཞིག་ཏུ་དེ་བས་གྱུར་ཡོད། དེང་རབས་སྒྱུ་རྩལ་འགྲན་ཁུལ་དུ་ཞིང་འཕྲུལ་ཉམས་བཟོ་དང་། རྐོ་འདྲུའི་འཕྲུལ་ཆས་བཀོལ་སྤྱོད། གློག་ལས། ཚ་ལ། གཡོས་སྦྱོར་སོགས་འགྲན་བསྡུར་ཡོད་ཅིང་། དེར་རྫོང་ཁོངས་ཐོན་ལས་དང་ལས་ཞུགས་ཀྱི་དགོས་མཁོ་དང་འབྲེལ་མཐུད་དམ་ཟབ་བྱས་ཡོད། འགྲན་བསྡུར་མཇུག་འགྲིལ་རྗེས་སྨར་ཁམས་རྫོང་མི་སྤྱི་ཅུས་ཀྱིས་ཡུལ་དེའི་ཁེ་ལས་དང་གཙོ་གནད་ལས་གྲྭའི་རྣམ་གྲངས་དང་དེ་བཞིན་ཕྱི་ཕྱོགས་ཀྱི་མི་སྤྱོད་ཚན་པ་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ། ཤེས་ལྡན་པའི་གྲབས་གསོག་མཛོད་ནས་ཕུལ་བྱུང་བདམས་ཐོན་པ་གནད་སྨིན་འོས་སྦྱོར་བྱས་ཐོག “འགྲན་བསྡུར་གྱི་བྱ་དགའ་ལེན་སའི་སྡིངས་ཆ”ནས“ལས་ཞུགས་ལས་གནས”བར་གྱི་ཐད་གཏོང་ཐབས་ལམ་ཤར་གཏོང་བྱས་ཏེ་རྩལ་ནུས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་དང་འགྲན་བསྡུར་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་ཐུབ་ཡོད།