《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月15日

ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས།

འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་ཁོང་ཚོའི་རང་སྲུང་གི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་དུས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་མང་པོར་བསྐྱོད་དེ“འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་སློབ་གྲྭར་སྤེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

གཅིག་སྡུད་དྲིལ་བསྒྲགས་བྱེད་རིང་། མི་དམངས་ཉེན་རྟོག་པས་སློབ་མ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ནས“བདེ་འཇགས་ངང་རྒྱ་ལམ་འཕྲེད་བཅད་ཇི་ལྟར་གཏོང་དགོས་པ”དང“རླངས་འཁོར་ནང་སྡོད་སྐབས་ཡིད་གཟབ་བྱེད་དགོས་རིགས”སོགས་ཀྱི་གནད་དོན་ལ་དམིགས་ཏེ་ཁྲིད་སྟོན་རང་བཞིན་གྱི་ལན་བརྒྱབ་པ་དང་། ཕྲུ་གུ་ཚོས་རང་འགུལ་ངང་བསམ་གཞིགས་དང་ལན་ཧུར་ཐག་རྒྱག་རྒྱུར་ལྕག་སྐུལ་བྱས་ཏེ། ཁོང་ཚོས་སྤྲོ་སྣང་གི་ཁོར་ཡུག་ཁྲོད་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་གཞི་རྩའི་ཚད་གཞི་ཁོང་དུ་ཆུད་པར་བྱས་ཡོད།

སློབ་ཁྲིད་བྱེད་རིང་། མི་དམངས་ཉེན་རྟོག་པས་PPTཡི་སློབ་ཆས་སྤྱད་དེ་བྱིས་པའི་འགྲིམ་འགྲུལ་ལས་འཛོལ་གྱི་གནོད་འཚེའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་རྒྱ་ལམ་ཐོག་རྒྱུག་ཤར་གློད་པ་དང་། རྒྱ་ལམ་འཕྲེད་བཅད་གཏོང་བ། ཞིང་སྤྱོད་འཁོར་གསུམ་སྦག་སྦག་ནང་སྡོད་པ། སློབ་འཁོར་ནང་སློབ་མ་ཚད་བརྒལ་ངང་བླུགས་པ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཀྱི་གནོད་འཚེ་ཚབས་ཆེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཡོད། ལས་འཛོལ་དངོས་ཀྱི་བརྙན་པར་དཔྱད་གཞིར་བྱས་ཏེ་སློབ་མ་ཚོས་གལ་སྲིད་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་མ་ཞུས་ཚེ་ཐོན་སྲིད་པའི་མཇུག་འབྲས་ཐད་ཀར་ཚོར་དུ་བཅུག་པ་མ་ཟད། ཁོང་ཚོའི་ཉེན་ཁ་དབྱེ་འབྱེད་དང་དོགས་ཟོན་ནུས་པ་ཆེ་རུ་ཏན་ཏིག་ཀྱང་བཏང་ཡོད་པ་རེད།