ཉིན་ཤས་བསྟུད་མར། ལྷོ་ཁ་གྲོང་ཁྱེར་གྱི་རྣམ་གྲངས་མང་པོའི་འཛུགས་སྐྲུན་བྱ་ཡུལ་དུ་སྔར་བཞིན་ཨར་སྐྲུན་གྱི་ཚ་རླབས་འཕྱུར་ཞིང་། འཕྲུལ་ཆས་ཀྱི་ལྡིར་སྒྲ་བར་མེད་དུ་གྲགས་པའི་ཀློང་དུ་ལས་མི་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ། ལས་གྲྭའི་མྱུར་ཚད་དང་སྤུས་ཚད་གཉིས་ཀར་འགན་ལེན་བྱེད་བཞིན་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་ཟ་ར་ལམ་གྱི་གཙང་སྒྲོལ་ཟམ་ཆེན་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ལས་གྲྭའི་རླངས་འཁོར་སྔ་ཕྱིའི་གོ་རིམ་ལྟར་བསྐྱོད་པ་དང་ལས་མི་ཚོས་རང་འགན་ཕྲག་ཏུ་ཁུར་ནས་ལས་ཀ་ཧུར་ཐག་བྱེད་བཞིན་ཡོད་པ་རེད།
ཟ་ར་ལམ་གྱི་གཙང་སྒྲོལ་ཟམ་ཆེན་རྣམ་གྲངས་ཀྱི་ལམ་ཐག་རིང་ཚད་ལ་སྨི་1457ཡོད་པའི་ནང་གཙོ་བོ་སྨི་1366ཟིན་པའི་ཟམ་ཆེན་ཞིག་ཚུད་པ་དང་ད་དུང་ཟ་ར་ལམ་སྒྱུར་བཀོད་ཀྱི་སྨི་201དང་། གཙང་འགྲམ་ལམ་སྒྱུར་བཀོད་ཀྱི་སྨི་340 དེ་བཞིན་གསར་དུ་བསྐྲུན་པའི་གནས་སྐབས་འགྲོ་ལམ་S508ཀྱི་སྨི་740བཅས་དང་འབྲེལ་བ་ཡོད་པ་རེད། 2026ལོའི་ཟླ་དང་པོའི་བར་རིམ་རྩིས་བརྒྱབ་ན་རྣམ་གྲངས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2.6ཟིན་པ་དང་ལེགས་སྒྲུབ་བྱེད་ཚད་57.8%ཟིན་ཡོད། རྣམ་གྲངས་སྐྲུན་མཇུག་འགྲིལ་རྗེས་ལྷོ་ཁ་གྲོང་ཁྱེར་གྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་ཤུགས་ཆེན་ཕྱིན་ནས་ས་ཁོངས་ཀྱི་ཐོན་ཁུངས་འཁོར་རྒྱུག་དང་ཐོན་ལས་མཐུན་སྦྱོར་ལ་སྐུལ་འདེད་ཐེབས་ཏེ། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པར་འགྱུར་རྒྱུ་ཡིན་པ་རེད།
ཟ་ར་ལམ་གཙང་སྒྲོལ་ཟམ་ཆེན་རྣམ་གྲངས་ཀྱི་ལག་རྩལ་འགན་འཁུར་བ་ཐེན་ཡེ་ཡིས། 2027ལོའི་ཟླ་2པར་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་དམིགས་ཚད་འགྲུབ་པར་བྱ་ཆེད། དགུན་ཁར་ཡང་ལས་མཚམས་བཞག་མེད། མིག་སྔར་ལས་མི་160ལྷག་ཙམ་དང་སྒྲིག་ཆས་སྣ་ཚོགས་ཁག(ཆ་ཚང)22བཀོད་སྒྲིག་བྱས་ཡོད། གཞན་ཡང་། དགུན་དུས་ཨར་ལས་བྱེད་སྐབས་ཨར་འདམ་ལ་འཁྱགས་པ་ཐེབས་སླ་བའི་གནད་དོན་ལ་དམིགས་ཏེ། དྲོད་སྲུང་བདག་སྐྱོང་བྱེད་ཐབས་སྣ་ཚོགས་སྤྱད་དེ་རྣམ་གྲངས་སྤུས་འབོར་གཉིས་ལྡན་ངང་དུས་ཐོག་ཏུ་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱས་པ་དང་། ལྷོ་ཁའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་གནས་འཕྲོད་ལས་འཚམ་གྱི་དེང་རབས་ཅན་གྱི་གྲོང་ཁུལ་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད་ཅེས་བཤད།