འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་ས་གནས་དེ་གའི་དོན་དངོས་ལ་གཞི་ཚུགས་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོར་དམིགས་ནས“ཇོ་རིའི་བུ་ཕྲུག་སེམས་པ་ཏང་ལ་ཕྱོགས། སྒོ་དབྱེ་འཕེལ་རྒྱས་ལེའུ་གསར་མཉམ་དུ་རྩོམ”ཞེས་པའི་བརྗོད་དོན་གཙོ་བོའི་ཤེས་དཔལ་ལག་ལེན་བྱེད་སྒོ་ཇུས་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་མང་ཚོགས་ཀྱི་དུས་ཆེན་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་བརྒྱུད་སྤྲོད་བྱས་པ་རེད།
བྱེད་སྒོ་དེ་རིག་རྩལ་འགྲེམས་འཁྲབ་སྟོན་ནས་འགོ་ཚུགས་ཤིང་། ལེ་ཚན་སྒྲིག་སྟངས་དེ་དུས་རབས་ཀྱི་བརྗོད་དོན་གཙོ་བོ་དང་ས་ཁོངས་ཀྱི་ཁྱད་ཆོས་ལ་དམ་པོར་དམིགས་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་རང་རྩོམ་རང་འཁྲབ་བྱས་པའི་ལེ་ཚན་གཙོ་བོར་བྱས་ཏེ་སྲིད་ཇུས་སྒྲོག་འགྲེལ་དང་རིག་གནས་སྒྱུ་རྩལ་མཉམ་འདྲེས་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཇོ་རིའི་བུ་ཕྲུག་གི་དཔའ་ངར་ཆེར་སྐྱེད་དང་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།