《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月15日

ཉིང་ཁྲི་གྲོང་ཁྱེར་གྱིས་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་ངལ་བསལ་བ།

ཟླ་2པའི་ཟླ་མཇུག་བར། ཁེ་ལས་133ལྷག་ཙམ་གྱིས་མ་དངུལ་འཁོར་རྒྱུག་གི་ཆ་འཕྲིན་ལས་སྟེགས་བརྒྱུད་མ་དངུལ་བསྡུ་སྒྲིལ་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་3.74ཟིན་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། 2025ལོ་ནས་བཟུང་། ཕྲན་ཚེགས་ཁེ་ལས་ཀྱི“མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་འགྲོ་སོང་མཐོ་བའི”གནད་དོན་སྔར་བས་ཞི་ལྷོད་དུ་བཏང་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་མ་དངུལ་འཁོར་རྒྱུག་གི་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་ཁེ་ལས་གཉེར་སྐྱོང་གི་གྲངས་གཞི་དེ་ཡིད་རྟོན་རྒྱུ་ནོར་དུ་བསྒྱུར་ཞིང་། རིམ་པ་མང་བའི་དངུལ་རྩའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱས་ཏེ་ས་གནས་དེ་གའི་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ནུས་ལྡན་ངང་བསལ་བ་རེད། 2026ལོའི་ཟླ་2པའི་ཟླ་མཇུག་བར། ཉིང་ཁྲི་གྲོང་ཁྱེར་དུ་རིམ་རྩིས་བརྒྱབ་ན་ཁེ་ལས་133ལྷག་ཙམ་གྱིས་ལས་སྟེགས་དེ་བརྒྱུད་ནས་མ་དངུལ་བསྡུ་སྒྲིལ་ཐུབ་པ་དང་། དངུལ་འབོར་སྒོར་དུང་ཕྱུར་3.74ཟིན་པའི་ནང་དངུལ་བུན་ཐེངས་དང་པོ་ཁག་54བཏང་བར་དངུལ་གྲངས་སྒོར་དུང་ཕྱུར་1.29ཟིན་ཏེ། གྲངས་གཞིས་ཀུན་ཕན་དངུལ་རྩར་མཐུན་རྐྱེན་སྦྱར་བའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

བཙུགས་པའི་དུས་ཡུན་ཐུང་ལ་ཡིད་རྟོན་དངུལ་བུན་གྱི་ཟིན་ཐོ་མེད་པའི“ཡིད་རྟོན་མཁོ་མཁན་གསར་པའི”ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ཐོག་མ་གཡར་བའི་དཀའ་གནད་ལ་དམིགས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་ལས་སྟེགས་ཀྱི་མ་དངུལ་འཁོར་རྒྱུག་གི་ཆ་འཕྲིན་དེ་ཡིད་རྟོན་གྱི་ལྟེ་བའི་གཞི་འཛིན་སར་བྱས་ནས་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་གསར་གཏོད་བྱས་པ་རེད།

དེ་དང་ཆབས་ཅིག་ཕྲན་ཚེགས་ཁེ་ལས་ཀྱི་གཏན་འཇགས་རྒྱུ་ནོར་མི་འདང་བ་དང་ཁག་ཐེག་བྱེད་དཀའ་བའི་དཀའ་ངལ་སེལ་ཆེད། མ་དངུལ་འཁོར་རྒྱུག་གི་ཆ་འཕྲིན་ལས་སྟེགས་དེས་ཁྲལ་དོན་འཇལ་སྤྲོད་དང་། གཉེར་སྐྱོང་མུ་འབྲེལ། མངཌ་ཐོའི་གན་རྒྱ་སོགས་ཕྱོགས་མང་པོའི་གྲངས་གཞི་བསྡུ་སྒྲིལ་བྱས་ནས་དངུལ་རྩའི་སྒྲིག་གཞིར“ཁེ་ལས་ཀྱི་གཟུགས་བརྙན”གནད་སྨིན་ངང་མཁོ་འདོན་བྱས་ཏེ། ཡིད་རྟོན་དངུལ་བུན་གྱི་ཞིབ་མཆན་འགོད་པ“གྲངས་གཞིར་ལྟ་བའི”ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།

མ་དངུལ་འཁོར་རྒྱུག་གི་ཆ་འཕྲིན་ལས་སྟེཌ་སྤྱད་པ་དེས་དངུལ་ཁང་གི་ཡིད་རྟོན་དངུལ་བུན་གྱི་ཐབས་ཇུས་ཉིད“ཉམས་མྱོང་བརྡར་ཤ་གཅོད་པ”ནས“གྲངས་གཞིའི་ཐབས་ཇུས་འགོད་པའི”བར་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་རང་སོའི་ཁྱད་ཆོས་ལྡན་པའི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་བསྐངས་པ་མ་ཟད། ཡིད་རྟོན་དངུལ་བུན་གྱི་ཉེན་ཁའང་ཚོད་འཛིན་ནུས་ལྡན་ཐུབ་པ་རེད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། བསྟན་བློས་ཞུས)