《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月12日

རྨི་ལམ་དུ་ཁྱོད་རང་རྨིས་ཚུལ།

བློ་བཟང་དགེ་ལེགས།

འཚོ་བའི་ལམ་དུ་འུ་གཉིས་བརྩེ་བས་འཕྲད། །

སེམས་པའི་ཆུ་མིག་ཟུང་ཡང་དུང་བས་མཐུད། །

ཡུན་རིང་ཉར་བའི་གཏམ་གྱི་ཕྲེང་བ་ཡང་། །

གཅིག་རྗེས་གཉིས་འཕྲོ་རིམ་བཞིན་ཉིད་ལ་བཤད། །

མེ་ཏོག་ལུང་པ་འུ་གཉིས་ཕ་ཡུལ་ཡིན། །

གཡང་དཀར་ལུག་ཁྱུ་འུ་གཉིས་འཛོམས་རྟེན་ཡིན། །

ནེའུ་གསིང་དེ་ནས་རྩེད་རྡོ་བསྒྲིགས་པ་ཡང་། །

ཐོག་མར་སྨིན་པའི་བརྩེ་བའི་མེ་ཏོག་ཡིན། །

བཅུ་དྲུག་ལང་ཚོའི་སྒེག་ཉམས་གདོང་ན་ཤར། །

ཚིགས་དྲུག་སྨྱུག་མའི་དྲང་ཤ་ལུས་ན་གནས། །

སྙན་འཇེབས་རི་གླུའི་དབྱངས་རྟ་ངག་ན་འཛོམས། །

ཡ་རབས་བུ་མོའི་གཤིས་རྒྱུད་སེམས་ན་འཁྱིལ། །

ཐོལ་གྱིས་བརྡོལ་བའི་དུངས་སེམས་ཆར་པའི་རྒྱུན། །

ཁྱོད་ཀྱི་ཚལ་དུ་བྱོ་བའི་ཉིན་མོ་ནས། །

ཁྱོད་ཉིད་གཅེས་པའི་སེམས་འདི་ཡལ་བ་མེད། །

ཁྱོད་རང་དྲན་པའི་ཡིད་འདིར་འགྱུར་བ་དབེན། །

ཚིག་གསུམ་གཏམ་གྱིས་དབུ་ཁྱུད་བྲིས་པ་ནས། །

དུས་གསུམ་སྙིང་གི་དབུས་ན་ཁྱོད་ཉིད་བཞད། །

བརྩེ་སེམས་ལས་འཁྲུངས་མེ་ཏོག་མགུལ་རྒྱན་དེ། །

དུང་སེམས་མཚོན་པའི་སྐྱེས་སུ་ཐོག་མར་ཕུལ། །

ཁ་ཐག་ཅུང་ཙམ་རིང་ན་དྲན་སླ་ཞིང་། །

ཁ་ཁར་འགྲོ་བའི་དུས་ན་ངུ་བྲོ་བའི། །

ཕན་ཚུན་གློ་བ་ཉེ་བའི་དུས་ཚིགས་ནས། །

ཕན་ཆད་བརྩེ་བ་མི་འགྱུར་དམ་བཅའ་བཞག །

ས་སྲོད་མཚམས་སྤྲིན་དལ་གྱིས་རུབ་པའི་དུས། །

ལྷས་མཐའི་སྦྲ་ཆུང་ནང་ནས་ཁྱོད་རང་དྲན། །

མཁའ་ནས་ཟླ་འོད་འཛུམ་པའི་མཚན་མོ་རེར། །

ཐ་སྙད་འབུམ་གྱི་དབུས་ནས་ཁྱོད་རང་གླེང་། །

ལས་ཀྱིས་བསྐོས་པའི་རི་མོ་མི་གཅིག་པས། །

གྱེས་བྲལ་ཁ་བའི་འདབ་མ་སེམས་སུ་ལྷུང་། །

དྲན་པ་རི་བོའི་ཟོམ་ལ་གདུང་ཡུས་ཀྱི། །

སྨུག་སྤྲིན་ལང་ལོང་འཐིབས་པ་སྨྲེང་བའི་གཞི། །

ལོ་ཟླའི་ལམ་བུ་རིམ་གྱིས་བརྒལ་བའི་དུས། །

ལྷན་འཛོམས་ཉུང་སོང་འཛོམ་ཡུན་དེ་ལས་ཐུང་། །

མིག་ཆུ་བཞུར་བྱུང་ནང་སེམས་རབ་ཏུ་འཁྱག །

དྲན་པས་མནར་བྱུང་གདུང་བས་ལྷག་ཏུ་འཚེ། །

དཔྱིད་གསུམ་ཁུ་བྱུག་ལྷན་དུ་ཁྱོད་རང་བཙལ། །

དབྱར་གསུམ་མེ་ཏོག་ཚལ་ནས་ཁྱོད་རང་བསྒུགས། །

སྟོན་གསུམ་ཟླ་འོད་ངོགས་སུ་ཁྱོད་རང་གླེང་། །

དགུན་གསུམ་ཁ་བའི་ཁྲོད་ནས་ཁྱོད་རང་བྲིས། །

ཕ་ཡུལ་ཆུང་ཆུང་སེམས་ཀྱི་གནས་མལ་ཡིན། །

ཡུལ་དུ་ལོག་ཤོག་རྒྱང་རིང་བྱམས་པ་ལགས། །

ཆུང་འདྲིས་རོགས་ལོའི་སྙིང་གི་སྐྱ་ཡ་ཡིན། །

མྱུར་དུ་ལོག་ཤོག་སེམས་ཀྱི་མཛའ་ན་མོ། །

མ་ཕྲད་ལོ་མང་འགོར་སོང་ཆུང་འདྲིས་མ། །

སོ་སོའི་འཚོ་བ་མི་གསལ་འདང་ཆེན་མ། །

ཡིད་མཁར་ཡང་ཡང་འཁོར་བའི་ན་ཆུང་མ། །

མགྱོགས་པོ་ལོག་ཤོག་སྙིང་གི་སྡུག་གུ་མ། །