ཉམ་ཆུང་བའི་ཚེ་སྲོག་གི་ས་བོན་ཞིག
གཡང་དཀར་འབའ་སྒྲས་བཀང་བའི་རི་གྲོང་དེར་ལྷུངས་པའི་ཉིན་དེ་ནས་བཟུང་།
སྤང་ལྗོངས་སྔོན་མོའི་མེ་ཏོག་དང་མཉམ་དུ་སྐྱེས་ཤིང་།
ལུ་གུའི་འབའ་སྒྲ་དང་ལྷན་དུ་འཚར་བའི་ལུག་རྫི་བུ་མོ་ཆུང་ཆུང་།
གནམ་སའི་ཐུ་སྣེ་སྦྲེལ་ཞིང་སྤྲིན་པའི་ལྭ་གོས་གྱོན་པའི་འབྲོག་ཐང་དཀྱུས་མ་ཞིག་ཏུ།
ཁྱོད་ཀྱི་མི་ཚེའི་ལོ་རྒྱུས་ཀྱི་ཡིག་འབྲུ་འཐོར་ཡོད།
ཞོགས་པའི་སྐྱ་རེངས་ཤར་དུས།
སྨུག་ཞག་འཐིབས་པའི་རི་འདབས་ནས།
མཁུར་ཚོས་བྱུ་རུས་བརྒྱན་པའི་བུ་མོ་ཆུང་ཆུང་།
ཕྱིང་དཀར་གྱོན་ཞིང་འུར་ཐག་སྐེད་ལ་གཟེར་ཏེ་རྫི་གླུ་ལྷང་ལྷང་ལེན་ཞོར།
སྤྲིན་དཀར་ལུག་ཁྱུ་འདྲེས་པའི་སྤང་ཐང་ན།
གཡང་དཀར་ལུག་ཁྱུ་མིག་གིས་འཚོས།
གཡོ་སྒྱུ་རྫུ་བག་གི་གཡའ་དང་བྲལ་བའི་ཁྱོད་ལ།
ནག་ནོག་གི་དྲི་མས་མ་སྦགས་པའི་དྭངས་གཙང་གི་སེམས་གཤིས་ལྷན་སྐྱེས་སུ་མངའ།
དྭངས་གཙང་ལྷད་མེད་ཀྱི་རང་གཤིས་རྣལ་མ་དེར།
བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མཁན་རེ་ཟུང་ག་ལ་ཡིན།
དབྱར་གསུམ་ཆར་ཆུས་བརླན་ཞིང་།
དགུན་གསུམ་གྲང་ངར་གྱིས་བསྡམས་དུས།
སྤྲིན་པ་ལང་ལོང་འདི་ཁྱོད་ཀྱི་རྫི་རོགས་ཡིན་ལ།
ཉི་འོད་འཇམ་པོ་དེ་ཁྱོད་ཀྱི་སེམས་རྟེན་ཡིན།