གཅིག རྟགས་རིགས་ཀྱི་གལ་ཆེའི་རང་བཞིན་གླེང་བ།
དེ་ཡང་བོད་ཀྱི་རིག་གཞུང་ཁྲོད་དུ་རྒྱུ་མཚན་དང་གཏན་ཚིགས་འཚོལ་ཞིབ་བྱེད་པའི་རིགས་ལམ་ཞིག་ཡོད་པ་ནི་རྟགས་རིགས་ཞེས་པ་དེ་ཡིན། སྤྱིར་རྟགས་ཞེས་པ་ནི་རྒྱུ་མཚན་དང་། རིགས་ཞེས་པ་ནི་ཡང་དག་པའི་གཏན་ཚིགས་ལ་གོ རྟགས་རིགས་ཀྱི་ནང་དོན་འདི་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ལྷག་པར་དུ་ཚད་མ་རིག་པའི་གཞུང་ལུགས་ནང་དུ་རྒྱ་ཁྱབ་ཏུ་གནས་ཤིང་། རིགས་ལམ་གྱི་འགྲོས་ཚུལ་ནི་གཏིང་ཟབ་པ་དང་། ཚགས་དམ་པའི་གཏན་ཚིགས་རང་བཞིན་ཅན་ཞིག་ཡིན་པས་དུས་ད་ལྟ་ཡང་བོད་ཀྱི་རིག་གཞུང་ལ་སློབ་གཉེར་བྱེད་པའི་སྡེ་ཁག་ཏུ་ཆེད་དུ་སློབ་གཉེར་གྱིས་དོན་དངོས་འཚོ་བའི་ཁྲོད་དུ་བེད་སྤྱོད་དང་རྒྱུན་འཛིན་བྱེད་བཞིན་ཡོད། དེ་ཡང་རིགས་ལམ་འཕྲུལ་ལྡེ་རུ། ཚད་མའི་གཞུང་དོན་འབྱེད་པའི་རྣམ་བཞག་རིགས་ལམ་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་ལས་རྟགས་རིགས་ཀྱི་རྣམ་པར་བཤད་པ་ཞེས་ཁ་བྱང་དུ་ཚད་མའི་གཞུང་དོན་འབྱེད་པའི་རྣམ་གཞག་ཅེས་བཀོད་ཡོད་ལ། རྒྱུན་པར་ཚིག་གི་འཁྲུལ་བ་ཚར་གཅོད་པ་སྒྲ་རིག་པ་དང་། དོན་གྱི་འཁྲུལ་བ་ཚར་གཅོད་པ་ཚད་མ་རིག་པ་ཟེར་བའི་སྲོལ་ཡོད་ཞིང་། དེ་ཡང་དེ་ལྟར་དུ་སྣང་སྟེ། ཚད་མ་རིག་པ་ནི་བརྗོད་བྱ་དོན་གྱི་སྐྱོན་ཇི་ཡོད་རིག་པའི་ལམ་ནས་སེལ་བ་ཡིན་ལ། སེལ་བའི་ཐབས་དམ་པ་ནི་རྟགས་ཡང་དག་གམ་གཏན་ཚིགས་ཡང་དག་དང་། རྒྱུ་མཚན་ཡང་དག་གི་ཐོག་ནས་གཞན་ཕ་རོལ་པོར་བརྗོད་བྱ་དོན་ལ་ཡིད་ཆེས་འཕེར་བ་དང་། དེར་ངེས་ཤེས་འདྲོངས་པའི་བློ་ཡང་དག་ཅིག་བསྐྱེད་དུ་འཇུག་པ་དེ་ཡིན་ཞིང་། དེ་ནི་ཚད་མ་རིག་པའི་ཐོག་མའི་འཇུག་སྒོ་འགོ་བློ་རྟགས་བསྡུས་གསུམ་གྱི་རིགས་ལམ་ནས་བརྩམ་དགོས་པ་ནི་བོད་ཀྱི་ཚད་མ་རིག་པ་འཆད་ཉན་བྱེད་པའི་སྒོ་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་མཐོང་ངོ་། །
དེས་ན་ཚད་མ་རིག་པའི་འཇུག་སྒོ་བློ་རྟགས་བསྡུས་གསུམ་ལ་སློབ་གཉེར་ལེགས་པར་བྱུང་རྗེས་ཚད་མའི་གཞུང་དངོས་ལ་སློབ་གཉེར་བྱེད་པར་གོམ་ཁ་བསྒྱུར་འགོ་རྩོམ་དགོས་ཤིང་། ཚད་མ་རིག་པའི་གཞུང་ལུགས་ནི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་སྤྱི་ལ་སློབ་གཉེར་བྱེད་པའི་འགོ་དང་པོ་དང་རྨང་གཞི་ལྟ་བུ་ཡིན་ལ་དེའི་རྨང་གཞི་དང་རིགས་ལམ་གྱི་བགྲོད་ཚུལ་ལེགས་པར་ཁོང་དུ་ཆུད་ཚེ་རིག་གནས་གཞན་དག་ལ་བསམ་གཞིག་དང་། རྟོག་དཔྱོད་བྱེད་ཐུབ་པ་ནི་རིག་གཞུང་འདིར་རྒྱུས་མངའ་ཡོད་པའི་སྐྱེས་བུ་དམ་པ་མང་པོའི་གསུང་ལས་མངོན་ཐུབ། དེས་ན་རིགས་ལམ་འཕྲུལ་ལྡེ་ལས་དེ་ལྟར་གསུངས་པ་ཡང་གཙོ་ཆེ་བའི་དབང་དུ་དེ་ལྟར་གསུངས་པ་ལས་མཐའ་གཅིག་ཏུ་ཚད་མ་རྐྱང་པ་སྦྱོང་བའི་དོན་དུ་གསུངས་པ་ནི་ལར་ནས་མིན་ལ། ཚད་མའི་གཞུང་ལུགས་ཀྱི་རིགས་པའི་འགྲོས་ཚུལ་དེ་དག་ཀྱང་གཙོ་བོ་རང་ཉིད་ཀྱི་མི་ཤེས་པ་དང་། མི་གོ་བ་དག་གསལ་བར་བྱེད་པའི་ཆེད་ཡིན་པས་རྟགས་རིགས་ཀྱི་ནང་དོན་ཡང་ཚད་མ་རིག་པའི་གཞུང་དེ་ཡི་ཁོངས་སུ་གཏོགས་པ་ཞིག་གོ །
གཉིས། རྟགས་རིགས་ཀྱི་གོ་དོན་ཅུང་ཙམ་གླེང་བ།
དེ་ཡང་སྤྱིར་བཏང་དབང་དུ་རྟགས་ཡང་དག་གི་མཚན་ཉིད་ལ་ཚུལ་གསུམ་ཚང་བ་ཞེས་འཇོག་ཅིང་། ཚུལ་གསུམ་ཞེས་པ་ནི་ཕྱོགས་ཆོས་དང་། རྗེས་ཁྱབ་དང་། ལྡོག་ཁྱབ་བཅས་གསུམ་ཡིན་ཞིང་། འདི་ནི་རྟགས་རིགས་ཀྱི་བརྗོད་གཞི་གཙོ་བོ་དེ་ཡིན། དེ་དག་སོ་སོའི་གོ་དོན་ཡང་རེ་རེ་བཞིན་བཤད་ན། སྤྱིར་ཕྱོགས་ཆོས་ཞེས་པ་ནི་ཕྱོགས་དང་། ཆོས་གཉིས་ཀྱི་དོན་བསྡུས་ནས་མཚོན་པ་ཡིན་ལ། ཕྱོགས་ཞེས་པ་ནི་ནམ་རྒྱུན་འཚོ་བའི་ཁྲོད་དུ་ནང་དོན་གོ་རྒྱུ་མི་འདྲ་བ་མང་པོ་ཡོད་ཀྱང་འདིར་ཤེས་འདོད་ཆོས་ཅན་ལ་གོ་བ་དང་། ཆོས་ཞེས་པ་ནི་ཤེས་འདོད་ཆོས་ཅན་ནམ་ཕྱོགས་གང་དེའི་ཁྱད་ཆོས་ཡིན་པ་དེ་ལ་གོ་དགོས་ཤིང་དེ་གཉིས་པོ་ཚོགས་པ་ལ་ཕྱོགས་ཆོས་ཞེས་མིང་བཏགས་ཡོད། དེ་བཞིན་དུ་རྗེས་ཁྱབ་ཅེས་པ་ནི་རྒྱུ་མཚན་དུ་བཀོད་པའི་རྟགས་དེ་ཡིན་ན་བསྒྲུབ་བྱའི་ཆོས་དེ་ཡིན་པས་ཁྱབ་པ་ཞིག་ལ་གོ་དགོས། ད་དུང་ལྡོག་ཁྱབ་ཅེས་པ་ནི་བསྒྲུབ་བྱའི་ཆོས་ཀྱི་ལྡོག་ཕྱོགས་ཤིག་ཡིན་ན་རྒྱུ་མཚན་དུ་བཀོད་པའི་རྟགས་དེའི་ལྡོག་ཕྱོགས་ཡིན་པ་བཅས་ལ་ཟེར། དེ་ཡང་དཔེ་འགོད་པའི་ལུགས་ནས་གསལ་བཤད་བྱས་ན། ཐོག་མར་སྒྲ་མི་རྟག་པ་ཡིན་པ་ཤེས་འདོད་ཡོད་པ་དང་དེ་བཞིན་དུ་བྱས་པ་དང་མི་རྟག་པའི་ཕན་ཚུན་གྱི་འབྲེལ་བ་ཤེས་ནས་སྒྲ་མི་རྟག་པ་ཡིན་མིན་ཐེ་ཚོམ་བཞུགས་པའི་གང་ཟག་གམ་སྐྱེས་བུ་གང་རུང་ཞིག་ཡོད་དགོས་ཤིང་། དེ་འདྲའི་ཤེས་འདོད་པའི་མི་གང་དེའི་ངོར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར། ཞེས་པའི་དཔེ་འདི་ལ་མཚོན་ནས་བཤད་ན། དེའི་ཕྱོགས་ཆོས་ཀྱི་ཕྱོགས་ནི་སྒྲ་ཡིན་ལ་འདི་ལ་མིང་གཞན་དུ་ཤེས་འདོད་ཆོས་ཅན་ཡང་ཟེར་ཞིང་། དེའི་ཆོས་ནི་ཤེས་འདོད་ཆོས་ཅན་གྱི་ཁྱད་ཆོས་ཏེ། བྱས་པ་ཟེར་བ་དེ་ཡིན། དེས་ན་འདི་གཉིས་ཚོགས་པ་གཅིག་ཏུ་བསྒྲིལ་ན་ཕྱོགས་ཆོས་དངོས་དེ་ཡིན་ལ་དོན་དུ་སྒྲ་བྱས་པ་དེ་དཔེ་འདིའི་ཕྱོགས་ཆོས་ཡིན་ནོ། རྗེས་ཁྱབ་ནི་འདི་ལྟར་ཡིན་ཏེ། གང་རྟགས་སུ་བཀོད་པའི་བྱས་པ་དེ་ཡིན་ན་བསྒྲུབ་བྱའི་ཆོས་མི་རྟག་པ་དེ་ཡིན་པས་ཁྱབ་པ་དེ་ཡིན་ཞིང་། དཔེ་འདིའི་ནང་དུ་རྟགས་སུ་བཀོད་པ་ནི་བྱས་པ་ཞེས་པ་དེ་ཡིན་པ་དང་། བསྒྲུབ་བྱའི་ཆོས་ནི་མི་རྟག་པ་ཞེས་པ་དེ་ཡིན་ཞིང་དོན་དུ་བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་དགོས་པ་དེ་ཡིན་ནོ། ལྡོག་ཁྱབ་ཅེས་པ་ནི་དཔེ་འདིར་མཚོན་ནས་བཤད་ན་བསྒྲུབ་བྱའི་ཆོས་མི་རྟག་པའི་ལྡོག་ཕྱོགས་རྟག་པ་ཡིན་ན་གང་རྟགས་སུ་བཀོད་པ་བྱས་པའི་ལྡོག་ཕྱོགས་མ་བྱས་པ་ཡིན་པས་ཁྱབ་པ་དགོས་པ་ཞིག་ལ་ཟེར།
འདི་ལྟ་བུའི་ཚུལ་གསུམ་ཕན་ཚུན་མེད་ན་མི་འགྲིག་པའི་འབྲེལ་བ་གྲུབ་སྟངས་དང་དེ་དག་གི་ཕན་ཚུན་ཁྱབ་མཉམ་བྱེད་པའི་ཁྱད་ཆོས་འདི་དག་མི་ལྡན་ན་རྟགས་ཡང་དག་གི་མཚན་ཉིད་མི་ཚང་བས་རྟགས་ཡང་དག་གི་ལྡོག་ཕྱོགས་རྟགས་ལྟར་སྣང་གི་ཁྱབ་ཁོངས་སུ་ལྷུང་ཡོད། དེ་ཡང་རྟགས་ལྟར་སྣང་གི་དཔེ་གཞི་ཞིག་བཀོད་ན། སྒྲ་ཅོས་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། ཞེས་པའི་དཔེར་བརྗོད་འདིར་དབྱེ་ཞིབ་ཅིག་བྱས་ན་སྐྱོན་འདི་ལྟར་ཡོད་དེ། སྤྱིར་འདིར་ཕྱོགས་ཆོས་དང་། རྗེས་ཁྱབ་གྲུབ་ཡོད་དེ། སྒྲ་མཉན་བྱ་ཡིན་པས་ཕྱོགས་ཆོས་གྲུབ་པ་དང་། མཉན་བྱ་ཡིན་ན་མི་རྟག་པ་ཡིན་པའི་ཁྱབ་པ་གྲུབ་ཀྱང་། འདིར་ལྡོབ་ཁྱབ་གྲུབ་མེད་དེ། མི་རྟག་པའི་ལྡོག་ཕྱོགས་རྟག་པ་ཡིན་ན་མཉན་བྱ་མ་ཡིན་པའི་ཁྱབ་མ་གྲུབ་པས་སོ། འདི་རྒྱུ་མཚན་གང་ཡིན་ཟེར་ན། འདིར་གཏན་ཚིགས་ཀྱི་རྟགས་ཆོས་མི་མཐུན་ཕྱོགས་ཀྱི་འབྲེལ་བ་མ་གྲུབ་པའི་སྐྱོན་ཡོད་པ་ཡིན་ཏེ། རྟག་པ་ཡིན་ལ་མཉན་བྱ་མ་ཡིན་པ་འཇོག་ཏུ་མེད་པས་སོ། གལ་ཏེ་འདི་འདྲའི་གཏན་ཚིགས་རིག་པ་དང་མ་མཐུན་པའི་ནོར་འཁྲུལ་ཅན་གྱི་རྟགས་བཀོད་ཚེ་རང་ཉིད་ཀྱི་བློ་ངོར་ཡང་དག་པའི་ལྟ་བ་ཞིག་མི་རྙེད་པས་རྒྱུ་མཚན་ཇི་ལྟར་བཀོད་ཀྱང་རང་ཉིད་ངལ་བ་ལས་མ་འདས།
གསུམ། རྟགས་རིགས་ཀྱི་བྱེད་ནུས་ཅུང་ཙམ་གླེང་བ།
འདི་འདྲའི་རིགས་ལམ་གྱི་བསམ་གཞིག་བྱེད་སྟངས་འདི་ནི་དེང་གི་སློབ་གསོའི་ཁྲོད་དུ་ཤིན་ཏུ་ནས་དགོས་མཁོ་ཆེ་བར་སྣང་ཏེ། སློབ་གསོ་ནི་མི་རྣམས་ལ་བསམ་གཞིག་གི་ནུས་པ་གོང་མཐོར་སྤེལ་བའི་མ་ལག་གལ་ཆེན་ཞིག་ཡིན་ཤིང་། མི་རིགས་དང་རྒྱལ་ཁབ་དང་། ས་གནས་གང་ཞིག་ཏུ་ཡིན་རུང་སློབ་གསོ་ལ་མ་བརྟེན་པའི་འཕེལ་རྒྱས་བྱུང་བའི་གནས་ཚུལ་ཤིག་ད་བར་དུ་མེད་ཅིང་། གང་ལ་སློབ་གསོའི་མ་ལག་འཐུས་ཚང་ལྡན་པའི་ས་གནས་དེར་བསམ་གཞིག་གི་ནུས་པ་ལྡན་པའི་སྐྱེ་བོ་མང་པོ་བྱུང་ཐུབ་ལ། སྐྱེ་བོ་དེ་དག་གིས་སློབ་གསོའི་ནུས་པའི་འོག་ཏུ་སྤྱི་སྒེར་གང་གི་ཐད་ཀྱི་འཕེལ་རྒྱས་ལ་ཡང་བྱས་རྗེས་དང་ཕན་ཐོགས་གང་ལེགས་བསྐྲུན་ཡོད། དེ་ཡིས་ཕྱིར་ན་མཁས་མཛངས་ལྡན་པའི་ཀྲུའུ་ཞི་ཞི་ཅིན་ཕིང་ལགས་ཀྱིས“ང་ཚོས་སློབ་གསོ་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཞིག་བསྐྲུན་པའི་དམིགས་ཡུལ་ནི། སྤྱོད་ཡོན་གཉིས་ལྡན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་བྱེད་མཁན་གྱི་རྗེས་རབས་པ་རབ་དང་རིམ་པ་གསོ་སྐྱོང་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཁྲོད་འགན་འཁྲི་ཕྲག་ཏུ་འཁུར་ནུས་པའི་ཕུལ་བྱུང་མི་སྣ་གསོ་སྐྱོང་བྱས་ཏེ། ཏང་གི་ལས་དོན་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་སྐྲུན་མཁན་རྒྱུན་མཐུད་ཡོང་བ་བྱ་རྒྱུ་དེ་ཡིན”ཞེས་པ་ལྟར་རོ། །
དེས་ན་བོད་ཀྱི་རིག་པའི་གཞུང་ལུགས་ཁྲོད་དུ་ཡོད་པའི་བསམ་གཞིག་གི་ནུས་པ་འཕེལ་ཐུབ་ཅིང་། རྒྱུ་མཚན་ཡང་དག་ལ་འཚོལ་བསྙེགས་ཐུབ་པའི་རྟགས་རིགས་ཀྱི་ནང་དོན་འདི་ལ་སློབ་གཉེར་མུ་མཐུད་བྱེད་ཐུབ་ན་སྐྱོན་ལས་དགེ་མཚན་ཆེ་ཞིང་། ཕུལ་བྱུང་མི་སྣ་རབ་དང་རིམ་པ་འཐོན་རྒྱུ་ལ་ཐེ་ཚོམ་མི་འདུག་ཅེས་ཀྱང་བརྗོད་པར་ཐལ་ལོ། །
(བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་ཤེས་རམས་ཞིབ་འཇུག་སློབ་མ་བསོད་ནམས་སྟོབས་རྒྱལ)