《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月10日

ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་།

བཀོད་སྒྲིག་བྱ་ཡུལ་གྱི་ཁྱིམ་མཚེས་ལྟེ་གནས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་གསར་པ་བསྐངས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། དཔའ་ཤོད་རྫོང་གིས“རྒན་གཅིག་གཞོན་གཅིག”གི་གཙོ་གནད་ཚོགས་སྤྱིར་དམིགས་ཏེ། མ་དངུལ་སྒོར་ཁྲི་650བཏང་ནས་བསྐྲུན་པའི“གནས་རབ་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཁྱིམ་མཚེས་ལྟེ་གནས་ཀྱི་ལས་དོན་ས་ཚིགས”སྤྱོད་འགོ་ཚུགས་པ་ལས་དུད་ཚང་377གྱི་གནས་སྤོས་མང་ཚོགས་2114ལ་དེང་རབས་སྡེ་ཁུལ་གྱི་སྟབས་བདེ་དང་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད།

བཀོད་སྒྲིག་བྱ་ཡུལ་གྱི“རྒན་གཅིག་གཞོན་གཅིག”གི་བསྡུར་གྲངས་མཐོ་བའི་ཁྱད་ཆོས་ལ་དམིགས་ནས། ཁྱིམ་མཚེས་ལྟེ་གནས་ཀྱིས་སྨི་ངོས་གྲུ་210ཟིན་པའི་དམངས་ཕན་ཟ་ཁང་དང་། སྨི་ངོས་གྲུ་160ཟིན་པའི་བུ་བཅོལ་ཁང་། སྨི་ངོས་གྲུ་300ཟིན་པའི་དམངས་ཕན་འཁྲུད་ཁང་སོགས་བཀོད་སྒྲིག་གནད་སྨིན་བྱས་ཡོད། ཟ་ཁང་ནང་གི་ཁ་ལག་སྟེར་བའི་ཞབས་ཞུས་ལོ་60ཡོལ་བའི་རྒན་རྒོན་268ལ་སོ་སོས་ལག་པ་འགུལ་མི་དགོས་པར་ལྟོ་ཆས་ཟ་རྒྱུ་བྱུང་བ་དང་། བུ་བཅོལ་ཁང་དུ་ཕྲུ་གུ་ཚོར་བདེ་འཇགས་ལྡན་པའི་རྩེད་མོ་རྩེ་ས་དང་ལྟ་ཀློག་བྱེད་ས་ཡོད་པ་དང་། ཁང་ཕྱིའི་རྐང་རྩེད་སྤོ་ལོའི་ཐང་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་མཁན་ཕྲུ་གུ་ཚོའི་གཟུགས་བརྙན་གྱིས་མི་རབས་གསར་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་དཔང་པོ་བྱས་ཡོད།

ཁྱིམ་མཚེས་ལྟེ་གནས་ཀྱིས“ལས་བྱེད་པས་ལས་ཀ་བྱེད་པ་དང་མང་ཚོགས་ཀྱིས་ལྟ་ནས་སྡོད་པའི”སྲོལ་རྒྱུན་གྱི་རྣམ་པ་མེད་པར་བཟོས་ཐོག གྲོང་ཚོའི“ཨུ་ལྷན་གཉིས”དང་དང་བླངས་པ་སོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ། ལས་དོན་ས་ཚིགས་བཙུགས་ནས་འགལ་བ་འདུམ་འགྲིག་ལྟེ་གནས་དང་བཅའ་ཁྲིམས་རོགས་སྐྱོབ་ལྟེ་གནས་འགལ་ཟླ་དང་རྩོད་གཞི་སེལ་ས་ཞིག་ཏུ་འགྱུར་བར་བྱས་ཡོད། དེ་བས་གལ་འགངས་ཆེ་བ་ཞིག་ནི། དེ་ག་ནི་དོ་དམ་བྱ་ཡུལ་རྐྱང་པ་ཞིག་མིན་པར་མང་ཚོགས་སྤྱི་པའི་ལས་དོན་ནང་ཞུགས་པའི་དོན་གྲོས་ཚོམས་ཆེན་ལྟ་བུ་ཞིག་ཡིན་པ་སྟེ། གནས་སྤོས་མང་ཚོགས་སྡེ་ཁུལ་འཁོར་སྐྱོད་ཀྱི་གནས་ཚུལ་དངོས་དང་མཉམ་འདྲེས་ཐུབ་པར་བྱས་ཡོད་པ་རེད།