《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月10日

ཁྱད་ལྡན་མཉམ་ལས་ཁང་གིས་ཡུལ་མི་སྒོ་རྩར་ལས་ཞུགས་འབབ་འཕར་ཡོང་བར་རམ་འདེགས་བྱས་པ།

ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གསུམ་ལྡན་གྲོང་ཚོའི་ཆུ་ཤུར་སྒྲོལ་མའི་མི་རིགས་གྱོན་ཆས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་དྲ་ཐོག་ལས་སྟེགས་བརྒྱུད། བོད་བཟོའི་གུར་དང་མི་རིགས་ཀྱི་གྱོན་ཆས་སོགས་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་སུ་བཙོངས་པར་ལོར་ཁེ་སྤོགས་སྒོར་ཁྲི་བརྒྱ་ལྷག་ཙམ་བྱུང་སྟེ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་ཐོན་ལས་དར་རྒྱས་ཟུང་འབྲེལ་གྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གྲུབ་འབྲས་ཐོབ་པའི་ངང་འཚོལ་ཞིབ་ཐུབ་ཡོད་ཅིང་། དྲ་ཚོང་ཐད་གཏོང་བྱས་པ་དེས་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་གསོན་ཤུགས་གསར་པ་འཕེལ་ཐུབ་པ་བྱུང་ཡོད།

“ཐད་གཏོང་ལས་རང་ཉིད་ལ་ཡོང་འབབ་བརྟན་པོ་བྱུང་བ་མ་ཟད་ད་དུང་ཕ་ཡུལ་གྱི་ཐོན་རྫས་རྒྱལ་ཡོངས་ས་གནས་ཁག་ཏུ་འཚོང་ཐུབ་པས་ཧ་ཅང་དགའ་པོ་འདུག”ལོ་25ལ་སླེབས་པའི་བོད་རིགས་བུ་མོ་པ་སངས་ནི་གྲོང་ཚོའི་དྲ་ཐོག་ཐད་གཏོང་བྱེད་མཁན་ཁག་དང་པོའི་གྲས་ཡིན་པ་དང་ཁོ་མོའི་ཐད་གཏོང་ཁང་དེ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དང་དེང་རབས་འཛད་སྤྱོད་ཁྲོམ་ར་འབྲེལ་མཐུད་བྱེད་པའི་འབྲེལ་ཟམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

མིག་སྔར། མཉམ་ལས་ཁང་གིས་འགྲེམས་ཚོང་དང་དྲ་ཐོག་ཕྱིར་ཚོང་ཟུང་འབྲེལ་བྱས་ཏེ་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་གཏོང་བཞིན་ཡོད་པ་དང་། དེའི་ནང་དྲ་ཐོག་ནས་ཕྱིར་ཚོང་བྱས་པའི་ཁེ་སྤོགས་ཀྱིས་བསྡུར་གྲངས་བཟུང་ཚད་70%ཟིན་པ་དང་ལོ་ཧྲིལ་པོར་ཁེ་སྤོགས་སྒོར་ཁྲི་120ལྷག་ཙམ་བྱུང་བ་མ་ཟད། གྲོང་ཚོ་དེ་གའི་ཡུལ་མི་8སྒོ་རྩར་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གསུམ་ལྡན་གྲོང་ཚོ་དེ་ཉིད་བོད་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཐོག་མ་དེ་ཡིན་པ་དང་ཉེ་བའི་ལོ་ཤས་རིང་བཞོན་མ་གསོ་ཚགས་དང་། བོད་བྱ་གསོ་ཚགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་བརྒྱུད། ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་གནས་སྤོས་བྱས་མ་ཐག་པའི་སྐབས་ཀྱི་སྒོར་3000ཡང་མ་ཟིན་པ་ནས་ད་ཆའི་སྒོར་20700བར་གྱི་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱུང་ཡོད། མཉམ་ལས་ཁང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེ་ནི་གྲོང་ཚོ་དེར“གསུམ་ལྡན”གྱི་དམིགས་ཚད་མངོན་འགྱུར་བྱུང་བའི་གསོན་ཉམས་དོད་པའི་ལག་ལེན་ཡིན་ལ། གངས་ལྗོངས་ས་མཐོའི་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པ་ཞིག་ཀྱང་རེད།