འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། དཔའ་ཤོད་རྫོང་དང་བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱིས་མཉམ་དུ་བསྐྲུན་པའི་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་ཚན་རྩལ་གླིང་ཁ་ཐོག་མ་དེ་དཔའ་ཤོད་རྫོང་པད་མ་གྲོང་རྡལ་ཝ་འབེབས་གྲོང་ཚོར་དངོས་སུ་སྒོ་བྱང་བཀལ་ཞིང་། དེ་ལས་དཔའ་ཤོད་ཀྱི་ས་མཐོའི་ཞིང་འབྲོག་ཐོན་ལས་དག་ཚན་རྩལ་གྱིས་སྣེ་ཁྲིད་དང་། ཤེས་ལྡན་པའི་འདེགས་སྐྱོར། སློབ་གྲྭ་དང་ས་གནས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་བཅས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དཔའ་ཤོད་རྫོང་གིས་སྔ་རྗེས་སུ་ཆེད་དོན་མ་དངུལ་སྒོར་ཁྲི་60ཚན་རྩལ་གླིང་ཁའི་རྨང་གཞིའི་སྒྲིག་བཀོད་དང་ལྷན་སྦྱར་སྒྲིག་བཀོད་འཛུགས་སྐྲུན་ལ་བཏང་བ་དང་། སྒོ་ར་ཆུང་ངུས“ཚན་རྩལ་གསར་གཏོད་དང་། ཤེས་ལྡན་པ་གསོ་སྐྱོང་། དམངས་ལ་ཕན་པ་འདོགས་པ”བཅས་ཀྱི་ངེས་གནས་ལ་དམིགས་ཏེ“མེད་པ་བཞིའི་སྒོ་ནས་ཞབས་འདེགས་ཞུ་བའི”ཚད་གཞི་ཁྱབ་གདལ་བཏང་ནས། ཞིང་འབྲོག་ལས་ལག་རྩལ་གྱི་ཚོད་ལྟ་མང་པོ་བྱས་པས། “མཐོ་སློབ་ཀྱི་ཚན་ཞིབ་དང་། ས་གནས་སུ་ལག་ལེན། མང་ཚོགས་ལ་ཕན་ཐོགས་པ”བཅས་མཉམ་དུ་འབྲེལ་བའི་ཞབས་འདེགས་ཞུ་སྟངས་ཤིག་རགས་ཙམ་ཆགས་ཡོད་པ་རེད།
མིག་སྔར། བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་2དང་དགེ་རྒན་ཆེ་མོ་བ་གཞོན་པ་5ལས་གྲུབ་པའི་ཆེད་ལས་ཚན་ཞིབ་ཚོགས་པའི་མི་7ཚན་རྩལ་སྒོ་ར་ཆུང་ངུར་བཅའ་སྡོད་བྱས་ཡོད་པ་དང་། ཚོགས་པས“དཔའ་ཤོད་ཀྱི་ལིའི་སོན་རྒྱུའི་ཐོན་ཁུངས་བརྟག་ཞིབ་སྲུང་སྐྱོང་དང་ཐོན་རྫས་ཀྱི་སོན་བཟང་སྔོག་འདོན”དང“ས་མཐོའི་འབྲས་ཤིང་ར་བའི་རིག་ལྡན་ཆུ་འདྲེན་དང་ས་རྒྱུ་སྐྱོན་བྲལ་ལེགས་གཏོང་ལག་རྩལ་ཞིབ་སྤེལ་གྱི་དཔེ་སྟོན”སོགས་གཙོ་གནད་རྣམ་གྲངས་ལ་དམ་པོར་དམིགས་ཏེ། ཚན་རྩལ་གྱིས་བོད་ཤར་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་མཐུན་རྐྱེན་སྦྱར་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཐབས་བྱེད་བཞིན་ཡོད་པ་རེད།
(བསྟན་འཛིན་གྱིས་བསྒྱུར། པད་ཆོས་ཀྱིས་ཞུས)