《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月06日

ཁམ་བུའི་མེ་ཏོག་ཁྲ་ཆིལ་ཆིལ། ས་མཐོའི་དཔྱིད་ཀ་སྣུམ་ཐིང་ཐིང་།

གསར་འགོད་པ། བསོད་ནམས་དཔའ་མོ། བསོད་ནམས་ཚེ་རིང་།

གངས་རིའི་ལྗོངས་ཀྱི་དཔྱིད་ཀྱི་མགྲོན་པོ་སྟེ། །ཕྲ་ཚོམ་སྐར་ཚོགས་ས་ལ་འཕོས་པ་བཞིན། །ཁྲ་ཆིལ་བཞད་པའི་ཁམ་བུའི་མེ་ཏོག་འདི། །རང་བྱུང་ཁམས་ཀྱི་མཛེས་སྡུག་དཔལ་དུ་བྱོན། །

དཔྱིད་རླུང་དལ་བུར་ལྡང་ནས་འཛིན་མའི་ཁྱོན་ལ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ལ། ཚེ་སྲོག་ཡོད་དོ་ཅོག་གསོན་ཤུགས་རབ་ཏུ་རྒྱས་ཏེ། ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན་གྱི་ཀུ་ཅོ་དང་། སྙན་པའི་གྲེ་འགྱུར་ངོམ་པའི་བྱིའུ་ཆུང་གི་སྐད་སྒྲ། སྔོ་ལྗང་གོས་བཟང་བཀླུབས་པའི་རྩྭ་རྩི་ཤིང་གི་མཚར་སྡུག་སོགས་ལས་དཔྱིད་ཀྱི་དཔལ་མོའི་སྒེག་ཉམས་ངོམ་པར་དུས་གཅིག་ཏུ་རམ་འདེགས་བྱེད་པ་དང་ཡོངས་སུ་མཚུངས།

བསིལ་དྲོད་སྙོམས་པའི་དཔྱིད་ཀྱི་ནམ་ཟླར་གསར་འགོད་པ་དང་བཅས་པ་ཆུ་ཤུར་རྫོང་ལྕང་ར་གྲོང་ཚོར་ཁམ་བུའི་མེ་ཏོག་གི་མཛེས་པ་པར་ལེན་བྱེད་པར་ཆས། ལྷ་ས་ནས་མོ་ཊར་བསྡད་དེ་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་ལམ་ཐག་ཏུ་ཆགས་པའི་གྲོང་ཚོ་འདིའི་ཁོར་ར་ཁོར་ཡུག་གང་སར་ཟིང་དཀར་མདོག་གི་ཁམ་བུའི་མེ་ཏོག་གཅིག་ལ་གཅིག་བརྒྱན་དུ་བཞད་པ་ནི་ཅི་འདྲའི་ཉམས་དགའ་བའི་མཛེས་ལྗོངས་ཤིག་རེད་ཨང་། དཔྱིད་རླུང་དལ་བུར་ལྡང་བ་དང་བསྟུན་ནས་མེ་ཏོག་གི་དྲི་ཞིམ་དྲི་འཛིན་བུ་གར་འཚང་ཚེ་ལུས་ཁམས་ལ་བདེ་བདེ་ལྷོད་ལྷོད་ཀྱི་སྣང་བ་ཞིག་དབང་མེད་དུ་སྟེར། ཁམ་བུའི་སྡོང་པོ་ཆེ་ཆུང་དང་སྦོམ་ཕྲ་མི་འདྲ་བའི་ཡལ་འདབ་དབུས་སུ་ཞལ་ཁ་ཕྱེ་བ་དང་ཕྱེ་ལ་ཉེ་བའི་ཐེའུ་དག་ནི་སྐྱེ་བོའི་མིག་དབང་འཕྲོག་པར་ནུས་པའི་སྒྱུ་མ་མཁན་དང་གཉིས་སུ་མ་མཆིས།

དེའི་དུས་ན་མེ་ཏོག་སྣ་བརྒྱའི་ཚལ་དུ་ཁམ་བུའི་མེ་ཏོག་ལས་མཛེས་པ་ཞིག་ཨེ་ཡོད་སྙམ་པའི་བློ་ཞིག་གསར་འགོད་པའི་སྣང་ངོར་འཆར་ཞིང་། འདབ་བརྒྱ་ལྷུག་པོར་གྲོལ་བའི་ཁམ་བུའི་མེ་ཏོག་དག་ཀྱང་ཁྱོད་ལས་ང་མཛེས། ང་ལས་ཁྱོད་མཐོ་ཞེས་ང་རྒྱལ་གྱི་མགོ་འཕངས་མཐོན་པོར་བཏེགས་ནས་རང་གི་སྒེག་ཆོས་སམ་མཚར་སྡུག་མ་ལུས་ངོམ་པར་བྲེལ།

ང་ཚོས་དཔྱིད་འགོའི་དུས་བཟང་འདིར་གཅེས་འཛིན་གྱིས་རེ་ཞིག་འདུ་འཛི་ཆེ་བའི་གྲོང་ཁྱེར་ལས་རིང་དུ་གྱེས་ཏེ་རང་བྱུང་ཁམས་ཆེན་པོའི་པང་ཁར་ལོག་ནས། ཁམ་བུའི་མེ་ཏོག་གིས་གཙོས་པའི་སྐྱེ་ཁམས་ཀྱི་སྒེག་ཆོས་མ་ལུས་ཉམས་སུ་མྱོང་བར་བསྐྱོད་ན། ལུས་ཀྱི་ངལ་བ་སེལ་ཞིང་སེམས་ཁམས་གསོ་བར་ནུས་པས། དེ་ནི་དཔྱིད་དཔལ་སྒེག་མོས་བསྩལ་བའི་དངོས་གྲུབ་ཅིག་ལོས་ཡིན།

ཁམ་བུའི་མེ་ཏོག་བཞད་ཡུན་ཐུང་ནའང་། དེའི་མཚར་སྡུག་གིས་དཔྱིད་ཀའི་ཡུལ་ལྗོངས་ལ་བཀྲག་མདངས་འཕར་མ་སྣོན་ལ། སྐྱེ་འགྲོ་ཀུན་ལ་དཔྱིད་ཀ་སླེབས་པའི་འབོད་བརྡ་གཏོང་བཞིན་ཡོད་པས། ཚང་མས་མཚར་སྡུག་རྣམ་པར་བཀྲ་བའི་རང་བྱུང་ཁམས་ཀྱི་མཛེས་པར་མྱོང་རོལ་བྱེད་པ་དང་ལྷན་དུ་དེ་བས་རེ་བས་ཁེངས་པའི་མ་འོངས་པའི་མདུན་བསུ་བའི་སྟ་གོན་བྱེད་པར་རེམས་ཤིག