འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཚེས་3ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་གིས་ལྷ་སར་ཨོ་སི་ཁྲུ་རི་ཡའི་ཝི་ཨེན་ན་སློབ་ཆེན་གྱི་ལུའུ་ཏའོ་ཧྥུའུ་ཨའེ་གཡོད་རོལ་དབྱངས་ཚོགས་པའི་མཉམ་གཞས་ཚོགས་པ་དང་བཅས་པར་མཇལ་འཕྲད་གནང་བ་རེད།
ཀྲའོ་ཕེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ། མཉམ་གཞས་ཚོགས་པ་དང་བཅས་པ་བོད་དུ་རིག་གནས་སྤེལ་རེས་ལ་ཡོང་བར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་མ་ཟད། ཉེ་བའི་ལོ་ཤས་རིང་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་ཕྱི་ཕྱོགས་སུ་མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་ཐད་བོད་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་ཀྱང་གནང་ཞིང་། ཁོང་གིས། ཨོ་སི་ཁྲུ་རི་ཡ་དང་ཀྲུང་གོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་མི་ཆོས་རིག་གནས་སྤེལ་རེས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ལུའུ་ཏའོ་ཧྥུའུ་ཨའེ་གཡོད་རོལ་དབྱངས་ཚོགས་པའི་མཉམ་གཞས་ཚོགས་པས་ཚབ་བྱས་པའི་ཨོ་སི་ཁྲུ་རི་ཡའི་རིག་གནས་སྒྱུ་རྩལ་ཚོགས་པ་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་དབར་གྱི་མཛའ་གཅུགས་དང་ཡིད་ཆེས་ཟབ་ཏུ་ཟམ་མི་ཆད་པར་གཏོང་འདོད་ཡོད་ཅེས་གསུངས་པ་རེད།