《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月05日

༄༅། །ཞིང་གྲོང་གི་དཔྱིད་ཀ

ཁམས་སྨྱོན་ཧེ་རུ་ཀ

དཔྱིད་ཀ་སླེབས་བྱུང་། ངེས་མེད་ཀྱི་དཔྱིད་རླུང་ལྡང་བྱུང་། ས་གཞིའི་ཕང་ནས་སྔོ་ལྗང་གི་མྱུ་གུ་དང་རྩྭ་ཕྲན་མང་པོ་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་འབུས་བྱུང་། དཔྱིད་འགོ་མ་ཚེས་དུས། རེག་བྱ་རྩུབ་མིན་འཇམ་མིན་གྱི་གྲང་རླུང་ཞིག་ལྡང་འོང་། གློ་བུར་དུ་ལྡང་བའི་དཔྱིད་རླུང་གིས་ས་རྡུལ་གྱི་ཕུང་པོ་མཁའ་ལ་འཕྱར་ཏེ་མཐོང་ལམ་མོག་པོར་བསྒྲིབས།

དཔྱིད་ཀ་སླེབས་དུས་འགོ་གསར་པ་ཞིག་གི་སྣེ་དྲངས་ཏེ་བྲེལ་འཚུབ་ཀྱི་ལས་སྣ་ཞིག་ལ་འཇུག་དགོས་ཨང་། དཔྱིད་ཀ་སླེབས་དུས་མགོ་བོ་བཀྱགས་ནས་ས་གཞིའི་ཁྱོན་ལ་ལྟ་སྐབས། བསིལ་ཞིང་གྲང་ངད་ཆེ་བའི་ནམ་དུས་ཤིག་དལ་གྱིས་རྫོགས།

དཔྱིད་ཀའི་ཞིང་གྲོང་གི་ས་སྲོད་འདིར། རི་སྒང་གི་དར་ལྕོག་རླུང་བུས་འགུལ་ཙམ་འགུལ་ཙམ་ངང་གཡོ་བར་བྱེད། དཔྱིད་ཀ་སླེབས་དུས་ང་རང་ནར་སོན་པ་གཞི་ནས་ཚོར། ལོ་ཆུང་སྐབས་ཀྱི་ང་རང་ལ་ཟང་ཟིང་ལ་དགའ་བའི་གཤིས་ཀ་ཞིག་ཡོད་ཚོད་འདུག ད་ནི་ལོ་ཚོད་ལྟར་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་པ་རང་གིས་ཀྱང་གསལ་པོར་ཚོར་ཡོང་། རྣམ་ཀུན་རང་ཉིད་གཅིག་པུ་ལྷོད་ལྷོད་ངང་སྡོད་ཐུབ་པར་གོ་སྐབས་མང་པོ་འཚོལ་བཞིན་ཡོད།

དཔྱིད་ཀར་ང་ལ་ཕྱིར་དྲན་མང་པོ་མང་པོ་ཞིག་མཆིས། དེ་ནི་ང་རང་ཨ་མའི་མངལ་སྒོ་ནས་ངུ་ངག་གི་དབྱངས་རྟ་དང་ལྷན་དུ་འཇིག་རྟེན་འདིར་མགྲོན་དུ་འཕོས་པའི་ཉིན་མོ་དེ་ནས་བཟུང་སྟེ། ང་རང་ཨ་མས་དྭངས་གཙང་གི་འཇིག་རྟེན་འདི་རུ་བརྩེ་བ་ཟོལ་མེད་ཀྱིས་བསྐྱངས་པ་དྲན་ལ། ང་ལ་ལྷིང་འཇགས་དང་བག་ཕེབས་ཀྱི་ཁྱིམ་གཞིས་བསྐྲུན་པའང་གཞི་ནས་རྟོགས། ངའི་དྲན་ངོགས་ན་ཀྲོང་ངེར་འགྱིང་ཞིང་བརྗིད་ཆགས་ངང་གནས་པའི་ཕ་ཡུལ། འདས་ཟིན་པའི་མི་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ་ཁོ་བོས་རང་ཉིད་ཀྱི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་སྐྱོ་ཉིན་སྡེ་བ་ཞེས་པའི་ཞིང་གྲོང་གི་གྲོང་ཚོ་ཆུང་ཆུང་དེ་ནམ་ཡང་མ་བརྗེད་སེམས་ལ་བརྟན་པོར་ངེས་ཡོད་ཨང་།

ལོ་ཟླ་མང་པོ་རྡུལ་འཚུབ་བཞིན་གཡུགས་ཚར་རྗེས། དཔྱིད་ཀ་གཞི་ནས་བསླེབས་སོང་། དགུན་ཟླ་ཡོལ་ནས་ཟླ་འགའ་འགོར་ཟིན། འདི་ལྟར་གོ་མེད་ཚོར་མེད་དུ་འདས་ཟིན་པའི་བྱིས་དུས་ཀྱི་འཚོ་བར་ཕྱིར་འདང་ཞིག་བརྒྱབ་ན། དཔྱིད་ཀ་ནི་ད་གཟོད་མཛེས་སྡུག་ལྡན་པའི་ང་ཚོའི་བྱིས་དུས་ཀྱི་འཚོ་བ་དང་འདྲ་བར། ཡོད་ཚད་ལ་རེ་བ་དང་གསོན་ཤུགས་ཀྱིས་ཁེངས་ཤིང་། རྨི་ལམ་ལ་ཁ་དོག་སྣ་ལྔའི་འཇའ་ཚོན་དཀྲིགས་ནས་ཡོད་ཨང་།