《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月04日

ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་རོང་སྟོད་ཤང་མདོང་ལོག་ཁུག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།

འཚམས་འདྲིའི་བྱེད་སྒོ་སྤེལ་ནས་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་པ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ།(གསར་འགོད་པ། བསྟན་འཛིན་བཟང་མོ) དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་བསྟུན་ནས་ས་མཐོའི་གང་སར་རེ་བས་ཕྱུག ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་རོང་སྟོད་ཤང་མདོང་ལོག་ཁུག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དམངས་ལ་དོན་དངོས་བསྒྲུབ་རྒྱུ་རྩ་དོན་དུ་བཟུང་ནས་ཆེད་དོན་གྲོན་དངུལ་ཡག་པོ་སྤྱད་དེ་མིག་མཐོང་ལག་ཟིན་གྱི་དམངས་འཚོའི་དོན་དངོས་མང་པོ་བསྒྲུབས་ཡོད།

འཚམས་འདྲིའི་ལས་དོན་སྤེལ་རིང་། ལས་དོན་རུ་ཁག་གིས“འཚམས་འདྲི་དང་སྒྲོག་འགྲེལ་ཟུང་དུ་སྦྲེལ་རྒྱུ”གཞི་རྟེན་དུ་བྱས་ཏེ་དམངས་ཕན་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། དམངས་འཚོའི་མ་དངུལ་རྣམས་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་དམངས་འཚོའི་ཕན་པ་དངོས་སྒྲུབ་པར་བཏང་ཡོད།

གྲོང་སྡོད་ལས་དོན་རུ་ཁག་གིས་ཕྱོགས་ཡོངས་ལ་ཁྱབ་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་ཞིང་དུད་དང་དེ་བཞིན་ཡུན་རིང་ལྷ་སར་སྡོད་མཁན་ཡུལ་མི་དུད་ཚང་67ལ་འཚམས་འདྲི་བྱས་པ་དང་། རིམ་རྩིས་བརྒྱབ་ན་དུད་ཚང་རེར་གློག་རྡིག་1དང་རྩམ་པ་རྒྱ་མ་640སྤྲད་ནས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོར་འགན་སྲུང་ནུས་ལྡན་བྱས་ཡོད། དེ་དང་ཆབས་ཅིག་ལས་དོན་རུ་ཁག་གིས་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ནས་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་མང་ཚོགས་ཀྱི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བཅངས་ཡོད།

འཚམས་འདྲི་བྱེད་རིང་། ལས་དོན་རུ་ཁག་གིས་མཐོང་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཏང་གི་དམངས་ཕན་སྲིད་ཇུས་དུད་ཁྱིམ་ཚང་མ་དང་མི་ཚང་མར་སྒྲོག་འགྲེལ་བྱས་ཏེ་ཏང་རྩ་འཛུགས་ཀྱིས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་ཞབས་འདེགས་ཞུ་བའི་སྦྲེལ་ཟམ་གྱི་ནུས་པ་བཏོན་ཡོད།

ད་རེས་ཀྱི་བྱེད་སྒོ་གྲོང་ཚོ་4རུ་སྤེལ་བར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་15000བཏང་ཞིང་། མ་དངུལ་ཚང་མ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེལ་བའི་ཐད་སྤྱད་པས་གྲོན་དངུལ་བེད་སྤྱོད་ཀྱི་གནད་སྨིན་རང་བཞིན་དང་དངོས་ཕན་རང་བཞིན་མཐོ་རུ་ནུས་ལྡན་ཕྱིན་ཡོད། བྱེད་སྒོ་སྤེལ་བ་ལས་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་ཕྱིན་ཡོད།

གོམ་སྟབས་རྗེས་མར། ལས་དོན་རུ་ཁག་གིས“དམངས་ལ་བྱ་བ་དངོས་སྒྲུབ་པའི”ལམ་སྲོལ་རྒྱུན་མཐུད་ཟབ་ཏུ་བཏང་སྟེ་རོགས་སྐྱོར་དཀའ་སེལ་གྱི་བྱེད་སྒོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་རྒྱུ་རེད།