《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月04日

སེམས་མཐུན་གླིང་སྡེ་ཁུལ་གྱིས།

སོར་རྩེའི་ལག་རྩལ་གསོ་སྦྱོང་ལེགས་པར་བྱས་ནས་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་བ།

རིག་གནས་བསམ་བཀོད་གླིང་གི་སེམས་མཐུན་གླིང་སྡེ་ཁུལ་དུ་གནས་པའི་བོད་ལྗོངས་བུམ་པ་རི་སྲོལ་རྒྱུན་སྒྱུ་རྩལ་ཐོན་རྫས་ལས་སྣོན་ཚད་ཡོད་ཀུང་སི་རུ་སྐྱོད་སྐབས། བཟོ་སྐྲུན་ལས་སྟེགས་མདུན་གྱི་ཨ་ཅག་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ལས་ལ་གཞོལ་བཞིན་ཡོད་ཅིང་། ཁག་གཅིག་གིས་ཡུན་གནས་མེ་ཏོག་ཞིབ་ཚགས་པོས་བཟོ་བཞིན་ཡོད་པ་དང་། ཁག་གཅིག་གིས་སྤུན་དོག་སླ་བཞིན་ཡོད་པ། ཁག་གཅིག་གིས་ཐང་འབྲས་ཀྱི་རི་མོ་བཟོ་བཞིན་འདུག ཁོང་ཚོ་ཚང་མ་སེམས་མཐུན་གླིང་སྡེ་ཁུལ་གྱི་གནས་སྤོས་དབུལ་སྐྱོར་གྱི་གྲོང་མི་ཡིན་པ་དང་། ཟླ་བ་ཁ་ཤས་རིང་གི་ཆེད་ལས་གསོ་སྦྱོང་བྱས་མཐར་ད་ཆ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་བརྟན་པོ་ཐུབ་ཡོད་པ་རེད།

“ང་ནི་སློབ་ཆེན་ཐོན་པའི་སློབ་མ་ཞིག་ཡིན་ལ་སེམས་མཐུན་གླིང་སྡེ་ཁུལ་གྱི་གྲོང་མི་ཞིག་ཀྱང་ཡིན། འདིར་ལས་ཀར་ཡོང་ནས་ལོ་ཕྱེད་ཙམ་འགྲོ་གི་འདུག ཡུན་ནན་དང་ཁྲེང་ཏུའུ་རུ་ཡང་ཡུན་གནས་མེ་ཏོག་བཟོ་རྩལ་སྦྱངས་བར་ཕྱིན་པ་ཡིན” ཡུན་གནས་མེ་ཏོག་བཟོ་བཞིན་པའི་བདེ་སྐྱིད་ཀྱིས“ད་ཆ་ང་ཚོའི་ཐོན་རྫས་དྲ་ཐོག་དང་དྲ་ཕྱིའི་ཚོང་ཁང་བརྒྱུད་འཚོང་གི་ཡོད་པས་ཕན་འབྲས་ཡག་པོ་འདུག དགའ་འོས་པ་ཞིག་ནི་ལས་རོགས་ཚང་མ་སྡེ་ཁུལ་གྱི་ཁྱིམ་མཚེས་ཡིན་པས། དངོས་འབྲེལ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་ཡོད”ཅེས་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་བརྗོད།

ངོ་སྤྲོད་བྱས་པར་གཞིགས་ན། 2025ལོའི་ཟླ་4པར། སེམས་མཐུན་གླིང་སྡེ་ཁུལ་གྱིས་བུམ་པ་རི་ཀུང་སི་དང་མཉམ་ལས་གྲོས་མཐུན་བཞག་སྟེ། སྡེ་ཁུལ་དང་ཀུང་སི་ཟུང་དུ་སྦྲེལ་བའི་བྱ་ཐབས་གསར་གཏོད་བྱས་ནས། ཁོངས་གཏོགས་ཁུལ་གྱི་གྲོང་མིར་ཆེད་ལས་ལག་རྩལ་གསོ་སྦྱོང་དང་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཤིང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བ་བརྒྱུད། མང་ཚོགས་ཀྱིས་ལག་རྩལ་སྣ་གཅིག་ཤེས་པར་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

གནས་སྤོས་དབུལ་སྐྱོར་ནས་ཐོན་ལས་ལས་ཞུགས་རོགས་སྐྱོར་བར། སེམས་མཐུན་གླིང་སྡེ་ཁུལ་གྱིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བ་བརྒྱུད། གནས་སྤོས་མང་ཚོགས་སྡོད་ཁང་གསར་པའི་ནང་སྤོ་ཐུབ་པ་མ་ཟད། འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་གསར་པ་དེ་བས་ཀྱང་རྙེད་ཡོད། ས་ཆ་དེར། བུད་མེད་ཚོས་བཟོས་པའི་མེ་ཏོག་རེ་རེས་འཚོ་བར་མཛེས་རྒྱན་སྤྲས་པ་མ་ཟད། དེ་ལས་གྲོང་གསེབ་དར་རྒྱས་ཀྱི་བཀྲག་མདངས་ཀྱང་འཚེར་བཞིན་ཡོད།

(ཕུར་སྒྲོན་གྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)