《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月03日

གོང་དཀར་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།(གསར་འགོད་པ། ཚེ་སྒྲོན། ཚེ་བརྟན་སྒྲོལ་དཀར། ཟླ་ཚེ་གཞོན་པ) ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གིས་ཁྱིམ་བཞི་ཤང་སྣམ་བུའི་རིག་གནས་རྒྱུན་འཛིན་ཁང་གི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བའི་མཛད་སྒོ་སྤེལ་བ་དང་ཉེ་འཁོར་གྱི་མང་ཚོགས་མང་པོ་ཞིག་ལྟ་སྐོར་ལ་སླེབས་ཡོད། ཚང་མས་ཐག་ཉེ་ས་ནས་རྩེར་སོན་གྱི་སྣམ་བུ་འཐག་རྩལ་དང་། སྤུས་ལེགས་ཀྱི་བོད་ཆས་བཟོ་རྩལ། ཁྱད་ལྡན་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་སྣ་ཚོགས་ལ་མྱོང་རོལ་བྱས་ནས་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ལེགས་ཐོག་ལེགས་འཚོལ་གྱི་སྙིང་སྟོབས་སོགས་མྱོང་ཚོར་གཏིང་ཟབ་བྱུང་བ་མ་ཟད། སྲོལ་རྒྱུན་དམངས་སྲོལ་རིག་གནས་ཀྱི་ལག་ཤེས་པའི་སྙིང་སྟོབས་དང་དུས་རབས་ཀྱི་གསར་གཏོད་གསོན་ཤུགས་ལ་དཔང་པོ་ཡང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གོང་དཀར་རྫོང་ཁྱིམ་བཞི་ཤང་སྣམ་བུའི་རིག་གནས་རྒྱུན་འཛིན་ཁང་གི་སྒོ་བྱང་ཡོལ་ཁེབས་དངོས་སུ་ཕྱེ་བ་དེ་ཐོག་ནས་གོང་དཀར་གྱི་སྣམ་བུའི་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། གསར་གཏོད་བཅས་ཀྱི་ལས་དོན་དེ་ཚད་ལྡན་ཅན་དང་། མ་ལག་ཅན། སྤུས་ཚད་ཅན་བཅས་སུ་འཕེལ་རྒྱས་འགྲོ་བའི་དུས་མཚམས་གསར་པ་ཞིག་ལ་སླེབས་པ་མཚོན་ཡོད། རྒྱུན་འཛིན་ཁང་གིས་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལ་གཞི་ཚུགས་ཏེ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལ་མཐུན་རྐྱེན་བསྐྲུན་པ་མ་ཟད། ལག་རྩལ་རྒྱུན་འཛིན་སློབ་ཁྲིད་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། ཐོན་རྫས་གསར་གཏོད་འགྲེམས་ཚོང་བཅས་ཀྱི་མཐུན་རྐྱེན་གལ་ཆེན་ཡང་བསྐྲུན་ནས་སྣམ་བུའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་དར་སྤེལ་དང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཐུན་མིན་ཁྱད་ཆོས་འདོན་སྤེལ་ལ་ཆ་རྐྱེན་བསྐྲུན་ཡོད་པ་རེད། དེ་དང་ཆབས་ཅིག བྱེད་སྒོའི་ཐོག་རྫོང་ཚོང་དོན་ཅུས་ཀྱིས་གོང་དཀར་རྫོང་ཁྱིམ་བཞི་ཤང་གི་སྣམ་བུའི་ཚོང་འདུས་གཉེར་ནས་སྣམ་བུའི་ཁྱད་ལྡན་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་ཚོང་བྱས་ཁར་ས་གནས་ས་ཐོག་ཏུ་འཛད་སྤྱོད་འཛིན་ཤོག་སྤྲད་དེ། ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད་ཀྱི་མཐུན་རྐྱེན་བསྐྲུན་ནས“རིག་གནས་རྒྱུན་འཛིན+ཐོན་ལས་འབབ་འཕར”ཡོང་བར་རམ་འདེགས་གང་ལེགས་ཐུབ་ཡོད།

འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་གོང་དཀར་རྫོང་གིས་རྒྱུན་འཛིན་ཁང་དེ་གཞི་རྟེན་གལ་ཆེན་དུ་བརྩིས་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་དང་གྲོང་གསེབ་ཡུལ་སྐོར། ཁྱད་ལྡན་ལག་ཤེས་བཟོ་ལས་བཅས་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་སྟེ་ཐོན་ལས་ཀྱི་འབྲེལ་ཐག་རྒྱུན་ཆད་མེད་པར་སྣུར་སྲིང་དང་ཟུར་སྣོན་རིན་ཐང་ཆེ་རུ་བཏང་ནས། ནུས་ཤུགས་གཅིག་སྒྲིལ་གྱིས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་རྩིས་ཡོད་པ་རེད།