《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月03日

“བོད་ལྗོངས་ཀྱི་མཚར་སྡུག མཛེས་ཚོན་གྱི་རང་མདངས”ཞེས་པའི་འ་བུའུ་ཡི་རི་མོའི་བརྩམས་ཆོས་འགྲེམས་སྟོན་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར“བོད་ལྗོངས་ཀྱི་མཚར་སྡུག མཛེས་ཚོན་གྱི་རང་མདངས”ཞེས་པའི་འ་བུའུ་ཡི་རི་མོའི་བརྩམས་ཆོས་འགྲེམས་སྟོན་བོད་ལྗོངས་མཛེས་རྩལ་ཁང་དུ་འགོ་ཚུགས་པ་དང་། འགྲེམས་སྟོན་དུ་བོད་ཀྱི་སྒྱུ་རྩལ་མཁས་ཅན་འ་བུའུ་ཡིས་སྒྱུ་རྩལ་ལས་ལ་ལོ་བཅུ་ཕྲག་གཞོལ་ནས་གསར་དུ་བརྩམས་པའི་མཚོན་བྱེད་རང་བཞིན་གྱི་བརྩམས་ཆོས་100ལྷག་ཙམ་བསྡུས་ཡོད་པའི་ནང་། སྣུམ་ཚོན་དང་། ཆུ་ཚོན། མུ་འབྲེལ། སྐྱ་བྲིས་སོགས་ཀྱི་རི་མོའི་རིགས་མང་པོ་ཡོད་ཅིང་། དེ་དག་གིས་སྒྱུ་རྩལ་གྱི་ལམ་ནས་གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་དང་མི་དམངས་ཀྱི་འཚོ་བའི་འཕོ་འགྱུར་མཚོན་ཡོད།

འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོར་འ་བུའུ་ཡིས་རང་ཉིད་ཀྱིས་གསར་རྩོམ་བྱས་པའི་སྣུམ་ཚོན་རི་མོ་ཆེ་གྲས《རྒྱལ་རྩེའི་སྲུང་སྐྱོབ་དམག་འཐབ》ཅེས་པ་བོད་ལྗོངས་མཛེས་རྩལ་ཁང་ལ་ཞལ་འདེབས་སུ་ཕུལ་བ་རེད། བརྩམས་ཆོས་དེའི་ནང་གཞི་རྒྱ་ཆེན་པོས་ཞིབ་བརྗོད་བྱེད་ཐབས་ལ་བརྟེན་ནས་བོད་མི་དམངས་ཀྱིས་དཔའ་ངར་ཆེན་པོས་དབྱིན་ཇིར་འགོག་རྒོལ་བྱས་པའི་ལོ་རྒྱུས་ཀྱི་རྣམ་པ་བསྐྱར་མཚོན་བྱས་ཡོད་པ་དང་། དེ་ནི་རྒྱལ་གཅེས་རིང་ལུགས་སྙིང་སྟོབས་ཀྱི་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་ཟླ་5ཚེས་26ཉིན་བར་སྤྱི་དམངས་ལ་རིན་མེད་ངང་སྒོ་དབྱེ་རྒྱུ་རེད།