བོད་ལྗོངས་ཤར་ལྷོའི་མཚམས་ཀྱི་རི་ཚོགས་དང་ནགས་ཚལ་སྟུག་པོའི་ཁྲོད་ཀྱི་མོན་པ་རིགས་དང་ལྷོ་པ་རིགས་ནི་འོད་ལམ་ལམ་འཚེར་བའི་མུ་ཏིག་རྡོག་པོ་གཉིས་དང་འདྲ་བར་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་གཟི་འོད་འཕྲོ་བཞིན་ཡོད། མ་གཞི་རང་རྒྱལ་གྱི་མི་འབོར་ཉུང་བའི་མི་རིགས་དེ་གཉིས་ལ་ཡི་གེ་མེད་ཀྱང་དེང་རབས་རླབས་རྒྱུན་གྱི་འཕེལ་ཕྱོགས་བཟང་པོའི་ཁྲོད་ཁོང་ཚོས་བློ་གྲོས་དང་སྤྲོ་སེམས་ལ་བརྟེན་ནས་གསོན་ཉམས་དོད་པའི་རིག་གནས་རྒྱུན་འཛིན་གྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཏེ། དུས་རབས་གསར་པར་ཡི་གེ་མེད་པའི་ཤེས་དཔལ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས་ཡོད།
མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ལ་བརྟེན་ནས་རིག་གནས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
“གསོན་ཉམས་རྒྱུན་འཛིན”གྱི་གཙོ་གནད་ནི་རིག་གནས་ལ་གསོན་ཤུགས་འཕེལ་བར་བྱ་རྒྱུ་དེ་རེད། ཉེ་བའི་ལོ་ཤས་རིང་། བོད་ཀྱི་རིམ་ཁག་སྲིད་གཞུང་གིས་ཚད་མཐོའི་རིག་གནས་ཀྱི་རང་རྟོགས་ལ་བརྟེན་ནས་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་རིག་གནས་ལ་ཕྱོགས་ཡོངས་ནས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱས་ཡོད། འདས་ཟིན་པའི་ལོ་གཉིས་ནང་ས་གནས་དེ་གའི་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་800ལྷག་ཙམ་བཏང་ནས་མི་རིགས་ཀྱི་སྐད་ཡིག་དང་། ལོ་རྒྱུས་སྲོལ་རྒྱུན། ལག་ཤེས་བཟོ་རྩལ། གླུ་གར་རྒྱན་གོས། ཁྱད་ལྡན་སྡོད་ཁང་སོགས་ལ་བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་བྱས་ཡོད། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དུ་ས་གནས་དེ་གའི་སྲིད་གཞུང་གིས“ཞིང་ནང་བརྟག་དཔྱད་དང་གྲངས་འཛིན་ལག་རྩལ་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་དེ་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་སྲོལ་རྒྱུན་གླུ་གཞས་དང་། ཞབས་བྲོ། རྒྱན་གོས་སོགས་སྲོལ་རྒྱུན་རིག་གནས་དང་། དེ་བཞིན་ཡུལ་གོམས་གཤིས་ལུགས་བསྡུ་རུབ་བྱས་ཏེ་མེ་ཏོག་གི་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲངས་འཛིན་ཅན་གྱི་ཐོན་ཁུངས་མཛོད་དང་པོ་དེ་བཙུགས་པ་རེད།
གཞོན་ནུས་གསར་གཏོད་བྱས་ཏེ་རིག་ གནས་ཀྱི་དྲན་འཆར་འཕེལ་བར་བྱས་པ།
སྲིད་ཇུས་ཀྱི་ཁྲིད་སྟོན་དང་མ་དངུལ་གྱི་རྒྱབ་སྐྱོར་འོག མོན་པ་རིགས་དང་ལྷོ་པ་རིགས་ཀྱི་གཞོན་ནུའི་མི་རབས་ཀྱིས་རིག་གནས་རྒྱུན་འཛིན་གྱི་ལས་འགན་ལྕི་པོ་རང་འགུལ་ངང་འཁུར་བཞིན་ཡོད། ཁོང་ཚོས་དེང་རབས་ཀྱི་ལག་རྩལ་སྤྱད་དེ་གཟུགས་མེད་ཀྱི་རིག་གནས་ཤུལ་བཞག་གྲངས་འཛིན་ཅན་དུ་བསྒྱུར་ནས་ཉར་ཚགས་དང་རྒྱུན་འཛིན་བྱེད་པ་དང་འབྲེལ། སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པ་བསྣན་ཡོད།
ལོ་28ལ་སླེབས་པའི་མེ་ཏོག་རྫོང་བདེ་ཞིང་གྲོང་ཚོའི་མོན་པ་རིཌ་ཀྱི་གཞོན་ནུ་བཀྲ་ཤིས་དོན་གྲུབ་སློབ་ཆེན་སྐབས་གྲངས་འཛིན་སྨྱན་སྦྱོར་ཆེད་ལས་སྦྱངས་པ་དང་སློབ་གྲྭ་ནས་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་མངོན་མིན་རིག་གནས་ཤུལ་བཞག་གྲངས་འཛིན་ཅན་གྱི་སྲུང་སྐྱོང་ལས་དོན་ལ་ཞུགས་ཡོད། ཁོང་གིས་གྲོང་ཚོ་ཡོངས་ཀྱི་སྒྱུ་རྩལ་པ་རྒན་གྲས་12ལ་འཚམས་འདྲི་ཞུས་པ་དང་རབ་གསལ་བརྙན་ལམ་ཐོག་ནས“ས་མ་ཆང་གཞས”སོགས་མོན་པའི་གླུ་གཞས་རྙིང་པ་ཁག་56ཕབ་བཟོ་བྱས་ཡོད། “H5དྲ་ངོས་ནས་མོན་པའི་གླུ་གཞས་རྙིང་པར་ཉན་ཆོག་པ་དང་། སྒྱུ་རྩལ་པའི་གཏམ་རྒྱུད་ལ་རྣ་བ་བླགས་ཆོག་པ། གཞས་གཏོང་སྟངས་སྦྱོང་ཆོག་གི་ཡོད། རྟགས་བཤེར་བརྒྱུད་ཉམས་ལེན་བྱེད་ཆོག་པས་མི་མང་པོས་རྒྱུན་མངའ་ལོན་པ་དང་མྱོང་རོལ་དང་སློབ་སྦྱོང་བྱེད་བདེ་པོ་ཡོད”ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།
སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་ཚལ་ཁྲོབ་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡ་ཏར་གྱིས་བུད་མེད་ན་གཞོན་ཚོའི་སྣེ་ཁྲིད་དེ“སྨན་གླིང་ལྷོ་པའི་འཐག་རྩལ”སྦྱངས་པ་རེད། ཁོང་ཚོས་དེང་རབས་ཀྱི་མཛེས་དཔྱོད་དང་བསྟུན་ནས་རྒྱན་གོས་ཀྱི་བཟོ་ལྟ་ལེགས་སུ་བཏང་སྟེ་སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་རི་གྲོང་ནས་ཁྲོམ་རར་བཀྲམ་པས་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁྱིམ་གྱི་སྒོ་རྩར་ལག་རྩལ་སྦྱོང་བ་དང་ཡོང་འབབ་གསོག་ཐུབ་པ་ལས་འབབ་འཕར་བྱུང་བ་མ་ཟད། ཡུལ་མིས་ངལ་རྩོལ་བྱེད་རིང་མི་རིགས་རིག་གནས་ཀྱི་རིན་ཐང་ཡང་མྱོང་ཚོར་ཐུབ་ནས་རྒྱུན་འཛིན་གྱི་སྤྲོ་སེམས་ཆེན་པོ་འཕེལ་ཡོད་པ་རེད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་རིག་གནས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།
མོན་པ་རིགས་དང་ལྷོ་པ་རིགས་འདུས་སྡོད་བྱེད་སའི་ལྷོ་ཁ་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་དུ། ཉེ་བའི་ལོ་ཤས་རིང་ས་གནས་དེ་གའི་སྲིད་གཞུང་གིས་རིག་གནས་ཐོན་ཁུངས་གཞན་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། མི་རིགས་ཀྱི་རྒྱན་གོས་དང་། གླུ་གར། བཟའ་བཏུང་སོགས་ཀྱི་ཁྱད་ལྡན་རིག་གནས་མཐོང་རྒྱུ་ཡོད་པ་དང་། མྱོང་རོལ་ཐུབ་པ། ཚོར་རྒྱུ་ཡོད་པ་བཅས་ཀྱི་རིག་གནས་ཐོན་རྫས་དང་ཁྱད་ལྡན་ལས་རྣམ་དུ་བསྒྱུར་བར། རིག་གནས་དེ“མི་ཉུང་ཤས་ཀྱིས་རྒྱུན་འཛིན་བྱེད་པ”ནས“མང་པོས་མཉམ་སྤྱོད་བྱེད་པའི”བར་འགྱུར་ལྡོག་བྱུང་ཡོད།
2026ལོའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་སུ། མོན་པ་དང་ལྷོ་པའི་ཉམས་འགྱུར་ལྡན་པའི་གླུ་གར་ཟློས་གར《མེ་ཏོག་གི་བརྩེ་སེམས》ཞེས་པས་གླུ་གར་གཞི་རྟེན་དུ་བྱས་ནས་མེ་ཏོག་གི་རང་བྱུང་སྐྱེ་ཁམས་དང་དམངས་སྲོལ་གྱི་ཉམས་འགྱུར་མཚོན་པར་བྱས་པ་མ་ཟད། མོན་པ་དང་། ལྷོ་པ། རྒྱ་རིགས། བོད་རིགས་བཅས་མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་གྱི་རྣམ་པའང་མཚོན་པར་བྱས་པས། མི་རིགས་ཀྱི་བརྩེ་སེམས་མཚོན་བྱེད་ཀྱི་འབྲེལ་ཐག་གལ་ཆེན་ཞིག་ཏུ་གྱུར་ཡོད།
ད་ཆ་མེ་ཏོག་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་ཁག་40བདེ་བླག་ངང་འདུན་ཞུ་བྱས་པ་དང་། སྤོ་མི་རུང་བའི་རིག་དངོས་ཁག་30ཐོ་འགོད་བྱས་པ། མོན་པ་དང་ལྷོ་པའི་ལོ་རྒྱུས་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་སྟེ།“པད་མ་ཁང”ཞེས་པ་སེམས་ནུས་ཡོད་རྒུས་བཏོད་པར། ས་གནས་དེ་གའི་ལོ་རྒྱུས་རིག་གནས་དྲིལ་བསྒྲགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།
སྲིད་གཞུང་གིས་གཙོ་ཁྲིད་བྱས་པའི་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ནས་གཞོན་ནུའི་མི་རབས་ཀྱི་གྲངས་འཛིན་ཅན་གྱི་གསར་གཏོད་བར་དང་། དེ་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཏུ་འགྲོ་བའི་བར། མོན་པ་རིགས་དང་ལྷོ་པ་རིགས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་རང་གི་རིག་གནས་ཀྱི་རྩ་རྒྱུན་སྲུང་བཞིན་ཡོད།
(བདེ་སྐྱིད་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)