《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གིས།

རྣམ་པ་གསར་གཏོད་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་ཕན་ནུས་ཆེ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཚོ་མཁར་རྩེ་ཤང་གི་མང་ཚོགས་རྒྱུན་དུ་འཛོམས་སའི་ཇ་ཁང་དུ་བསྐྱོད་དེ། སྲོལ་རྒྱུན་གྱི་སྒྲོག་འགྲེལ་བྱེད་སྟངས་ལ་འགྱུར་ལྡོག་བཏང་སྟེ་མང་ཚོགས་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་། གྱོད་དཔེ་དྲངས་པ། ཁྲིམས་ལུགས་ཁྱབ་གདལ་གཏོང་བ་བཅས་བྱས་པ་བརྒྱུད། ཁྲིམས་སྐྱོང་དྲིལ་བསྒྲགས་དལ་ལྷོད་ཀྱི་རྣམ་པའི་ཐོག་ནས་མི་སེམས་སུ་ཟུག་པར་བྱས་པ་རེད།

བྱེད་སྒོ་སྤེལ་རིང་། ལས་བྱེད་ཉེན་རྟོག་པ་ཚོས་མང་ཚོགས་ཉེ་འགྲམ་གྱི་བྱ་བ་བརྒྱུད་ནས་བཅའ་ཁྲིམས་ཀྱི་སྐོར་གླེང་ཞིང་། མ་འཇོག་དང་འབྱོར་སྐྱོང་སྐོར་གླེང་སྐབས་ཁོང་ཚོས་གཉེན་ཉེར་དྲན་སྐུལ་བྱེད་པ་ལྟར“གནམ་ནས་ཤ་བག་ལེབ་ཟགས་མི་སྲིད། ཁེ་བཟང་ལས་གྱོང་གུན་མི་ཕོག་ཞེས་བརྗོད་མཁན་ལ་ངེས་པར་དུ་རྒྱུ་མཚན་ཡང་ཡང་འདྲི་བ་དང་། རང་གི་དངུལ་ཁུག་ལ་བདག་པོ་ཡག་པོ་རྒྱག་དགོས”ཞེས་དྲན་སྐུལ་བྱེད་པ་དང་། གྲོང་པ་ཁྱིམ་མཚེས་ཀྱིས་དངུལ་གཡོར་བའི་སྐོར་གླེང་སྐབས་གྲོགས་པོའི་བརྩེ་བ་བཅངས་ནས“སྤུན་མཆེད་དབར་དངུལ་གཡོར་སྐབས་ཀྱང་ཡག་ཤོས་བྱུང་ན་གཡར་འཛིན་བྲིས་ནས་གཞི་འཛིན་ས་གསལ་པོ་ཡོད་དགོས། དེ་ལྟར་ན་ཕན་ཚུན་བློ་བདེ་པོ་ཡོང་ལ་བརྩེ་དུང་ཡུན་རིང་གནས་ཐུབ”ཅེས་བཤད། སྤྱི་ཚོགས་ཀྱི་བདེ་འཇགས་སྐོར་གླེང་སྐབས་བློ་རྩ་བརྟན་པོས་ཚང་མར“བརྙས་བཅོས་བྱེད་མཁན་འཕྲད་ཚེ་བཟོད་བསྲན་གཏན་ནས་མི་བྱེད་པར་བློ་ཁོག་ཆེན་པོས་ཐེར་འདོན་བྱེད་དགོས”ཞེས་སྐུལ་ལྕག་བྱས་པ་རེད། འཚོ་བ་དང་འབྲེལ་བ་ཆེ་བའི་གྱོད་དཔེ་དང་བབ་ཆགས་པའི་དྲན་སྐུལ་དེ་དག་ལ་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། བར་གསེང་དུ་སྐད་ཆ་མང་པོ་དྲིས་པར་ལས་བྱེད་ཉེན་རྟོག་པ་ཚོས་ངང་རྒྱུད་རིང་པོས་རེ་རེ་བཞིན་ལན་བཏབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་ནི་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་གལ་ཆེན་ཞིག་ཡིན་པ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)