《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

ཆུ་གསུམ་རྫོང་གིས།

ཧུའུ་པེ་དང་བོད་ལྗོངས་མཉམ་ལས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རོགས་རམ་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆུ་གསུམ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཆུ་གསུམ་རྫོང་གིས“ཧུའུ་པེ་དང་བོད་ལྗོངས་ཀྱི་བརྩེ་བ”ཞེས་པའི་ཚོགས་སྒྲིག་རྣམ་པའི་མཉམ་ལས་ལ་བརྟེན་ནས་སྣ་མང་གི་ལས་ཞུགས་ཞབས་ཞུའི་མ་ལག་བཙུགས་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་དོན་ཐོག་ཏུ་འཁྱོལ་བར་རོགས་རམ་བྱས་ནས་ཕན་འབྲས་ཐོན་པར་བྱས་ཡོད།

ཆུ་གསུམ་རྫོང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དེ་དམངས་འཚོའི་གཙོ་གནད་ལས་གྲྭའི་གྲས་སུ་བཅུག་སྟེ། “རིམ་གསུམ་མཉམ་འགུལ་དང་ཆེད་སྒྲུབ་ཚོགས་ཆུང་གིས་སྐུལ་སྤེལ”གྱི་བཀོད་པ་བཏོད་པ་དང་། འགན་འཁུར་རྫོང་དཔོན་གྱིས་སྣེ་ཁྲིད་དེ་བཀོད་སྒྲིག་བྱས་པས་གདུབ་ཟུམ་གྱི་ལས་ཀའི་ལམ་སྲོལ་ཆགས་ཡོད། ཞིབ་དཔྱད་ཆེད་སྒྲུབ་ཚོགས་ཆུང་གིས་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་པ་བརྒྱུད་2025ལོར་ཐོན་པའི་སློབ་མ་164ཡི་ཆ་འཕྲིན་ཞིབ་དཔྱད་ཀྱི་ལས་ཀ་ལེགས་གྲུབ་བྱུང་བ་དང་། 2024ལོར་ཐོན་པའི་སློབ་མའི་ལས་ཞུགས་དཔྱད་གཞི་འཐུས་སྒོ་ཚང་དུ་བཏང་ནས་ཞབས་ཞུའི་རྨང་གཞི་བརྟན་དུ་བཏང་ཡོད།

ཧོང་ཧྲི་གྲོང་ཁྱེར་གྱི་བོད་སྐྱོར་ཐོན་ཁུངས་ལ་བརྟེན་ནས་མཉམ་ལས་བྱེད་ཟབ་ཏུ་བཏང་ཞིང་། ལས་གནས་རྩེ་གྲ་3900མཉམ་འབྲེལ་ཐོག་བཏོད་པའི་ནང་ལྗོངས་ཕྱིའི་ལས་གནས་2565ཡོད། 2025ལོའི་ཟླ་5པར་ཆེད་དམིགས་ལས་བསྡུའི་འདུ་ཚོགས་འཚོགས་པ་དང་། ཧོང་ཧྲིའི་ཁེ་ལས་46འདུ་ཚོགས་ལ་ཞུགས་ནས་ལས་གནས་758མཁོ་འདོན་བྱས་པ་དང་། དྲ་ཐོག་དྲ་ཕྱིར་དུས་གཅིག་ཏུ་ལས་དོན་སྤེལ་བར་སློབ་མའི་ལོ་རྒྱུས་མདོར་བསྡུས་358འབྱོར་ཡོད། དེ་དང་ཆབས་ཅིག སྲིད་ཇུས་ཀྱི་ཁ་གསབ་གནད་སྨིན་ངང་དོན་འཁྱོལ་བྱས་པར་རིམ་རྩིས་བརྒྱབ་ན་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་སྣ་ཚོགས་སྒོར་ཁྲི་412.45སྤྲད་ཡོད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསྟན་བློ་དང་སྒྲོན་ལགས་ཀྱིས་ཞུས)