《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

སྦས་ལུང་ནས་གང་སར་སྐད་གྲགས་ཆོད་པའི་བར།

—— མེ་ཏོག་རྫོང་གིས་ཧི་མ་ལ་ཡའི་ལྷོ་འདབས་ཀྱི་ལྟ་ན་སྡུག་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས་བསྐྲུན་པའི་སྐོར་བཀོད་པ།

སྔོན་ཆད་ཀྱི་མེ་ཏོག་རྫོང་ནི་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཐའ་མ་དེ་ཡིན་པས། ལྐོག་གྱུར་དང་ངོ་མཚར་གྱི་གནས་སུ་གྱར་ནས་སྐྱོད་མཁན་ཡང་མང་པོ་མེད། ད་ཆར་མེ་ཏོག་གི་ཡུལ་ལུང་ནི་དྲ་རྒྱ་ཡོངས་སུ་ཤིན་ཏུ་འགྲོ་མོས་བྱེད་པའི“དམིགས་ས་རྩ་ཆེན”དུ་གྱུར་ཏེ། རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་སོང་ནས། སྦས་ཡུལ་པདྨ་བཀོད་དུ་གྲགས་པའི་ཡུལ་ལུང་དེའི་སྙན་པ་ཕྱོགས་བཅུར་ཁྱབ་ཡོད།

སྒོར་སྒོར་ཐང་མཛེས་ལྗོངས་ཁུལ་ནི། གངས་དཀར་ཁ་བས་བཀླུབས་པའི་བོད་ཀྱི་ཡུལ་ལུང་ཆགས་པའི་མཚར་སྡུག་བཀྲ་བའི་སྔོ་ལྗང་གཡང་ཊི་ཞིག་ལྟར་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་སུ་བསྟན་ཏེ། མེ་ཏོག་རྫོང་ཉིད་རྒྱལ་ཡོངས་ཀྱི་ལྟད་མོ་བ་ཚོའི་ཡིད་ལ་ངེས་པར་གྱུར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་འཕྲིན་ལམ་དང《དོ་གནད་འདྲི་གླེང》སོགས་གཙོ་རྒྱུན་སྨྱན་སྦྱོར་གྱིས་མེ་ཏོག་ས་ཆར་དོ་སྣང་ཐེངས་མང་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ནས་མཐའ་མཚམས་དར་རྒྱས་བར་དུ་ཕྱོགས་ཡོངས་ནས་མེ་ཏོག་ས་ཆའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་སྐོར་བསྟན་པ་ལ། “དྲ་འཕྲིན་མེ་ཏོག”དང“མེ་ཏོག་གི་རིག་གནས་ཡུལ་སྐོར”སོགས་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལས་སྟེགས་ཀྱིས་ཉེ་བའི་ལོ་གསུམ་གྱི་རིང་སྒྲ་ཕབ་དང་བརྙན་ལམ་ཁྲི་ལྷག་སྤེལ་ཞིང་། ལྟ་ཀློག་བྱེད་ཚད་དུང་ཕྱུར་1ལས་བརྒལ་ནས། “ཡིད་འོང་མཐའ་མཚམས་གྲོང་རྡལ། སྦས་ཡུལ་མེ་ཏོག་ས་ཆ”ཡི་སྤུས་རྟགས་གཟུགས་བརྙན་སྐྱེ་བོ་ཀུན་གྱི་སེམས་ལ་འཇགས་པར་བྱས་པ་རེད།

གོང་འོག་སེམས་མཐུན།

རིག་གནས་ཡུལ་སྐོར་སྣེ་ཁྲིད་ཐོན་ལས་གཙོ་བོར་བརྩིས་ནས་སྐུལ་འདེད་བཏང་བ།

རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱུན་ཆད་མེད་པའི་ཆོད་སེམས་དང་མ་དངུལ་བརྟན་པོ་གཏོང་བ་ནི་འགན་སྲུང་གཙོ་བོ་ཡིན། མེ་ཏོག་རྫོང་གིས་ཐོག་མཐའ་བར་གསུམ་དུ་རིག་གནས་ཡུལ་སྐོར་ཐོན་ལས་དེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལྟེ་བའི་གནས་བབ་ཏུ་བཞག་པ་དང་། དེ་ཉིད་ཀ་རྟེན་ཐོན་ལས་སུ་གཏན་འཁེལ་བྱས་ཏེ་སྐྱེ་ཁམས་རྫོང་ཕྱུག་དང་། ནུས་རྒྱུ་རྫོང་དར། ཡུལ་སྐོར་རྫོང་གྲགས་ཅན། ཡིད་འོང་མཐའ་མཚམས་གྲོང་རྡལ་བཅས“རྫོང་གསུམ་དང་གྲོང་རྡལ་གཅིག”གི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་ནང་མཉམ་འདྲེས་གཏིང་ཟབ་བྱས་ཡོད། རྫོང་སྲིད་གཞུང་གིས་ལོ་ལྟར་རིམ་པ་དེ་གའི་ནོར་སྲིད་ཡོང་འབབ་ནས་15%བཏོན་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་དུ་བྱས་པ་དང་2025ལོར་སྒོར་ཁྲི་1567བཏང་ཡོད། རིམ་རྩིས་བརྒྱབ་ན་མ་དངུལ་སྣ་ཚོགས་བསྡུ་སྒྲིལ་བྱས་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.82ལྷག་བཏང་ཡོད།

ལོ་མང་རིང་རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་བརྒྱུད། མེ་ཏོག་ས་ཆའི་རིག་གནས་ཡུལ་སྐོར་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་སྟེ། 2025ལོའི་ཟླ་11པའི་བར་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་73.55ཟིན་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་4.69རག་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི་3812.06འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། སྤུས་རྟགས་ཀྱི་ཤུགས་རྐྱེན་ཡང་མུ་མཐུད་ཆེ་རུ་སོང་བ་སྟེ། མེ་ཏོག་རྫོང་ལོ་ལྔ་བསྟུད་མར“ཀྲུང་གོའི་རྫོང་ཁོངས་མཛེས་ཤོས”ཀྱི་མིང་གཞུང་ནང་བདམས་པ་དང་། རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཕྱོགས་བསྡུས་འགྲན་རྩོད་ནུས་ཤུགས་ཀྱི་རྫོང་རྩེ་གྲ་བརྒྱ་དང་རང་སྐྱོང་ལྗོངས་རིམ་པའི་ཁུལ་ཡོངས་ཡུལ་སྐོར་གྱི་དཔེ་སྟོན་རྫོང་གི་གྲས་སུ་ཚུད་པ་མ་ཟད། “ཀྲུང་གོའི་ཇའི་རིག་གནས་ཡུལ་སྐོར་བྱ་ཡུལ་ཆེ་གྲས་བཅུ”ཡི་གྲས་སུ་ཡང་བདམས་ནས་ཡུལ་སྐོར་བ་མང་པོའི་སེམས་ཀྱི“གནས་མཆོག་སྦས་ཡུལ”དུ་གྱུར་ཡོད།

དཀའ་སྤྱད་འབད་བརྩོན།

བག་ཕེབས་སྤྲོ་སྐྱིད་ཀྱི་རིག་གནས་ཡུལ་སྐོར་ཉམས་ལེན་བྱེད་པའི་སྐྱེ་ཁམས་བཏོད་པ།

མེ་ཏོག་རྫོང་ནི་སྔོན་ཆད“སྦས་ཡུལ་པདྨ་བཀོད”དུ་་གྲགས་པ་དང་། འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས་ཡུལ་སྐོར་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་ཡོད། ཕྱོགས་བཞིའི་མགྲོན་པོ་བསུ་ཆེད། མེ་ཏོག་རྫོང་གིས“འབྱོར་ཐུབ་པ་དང་། རྩེད་འཇོར་རོལ་བ། སྡོད་ཐུབ་པ”བཅས་ལ་དམིགས་ནས་རིག་གནས་ཡུལ་སྐོར་གྱི་ཉམས་ལེན་ཕྱོགས་ཡོངས་ནས་ལེགས་སུ་བཏང་ཡོད།

རིག་གནས་ཀྱིས་མཐུན་རྐྱེན་སྦྱོར་བའི་ཐད། མེ་ཏོག་རྫོང་གིས“ནང་འདྲེན་པ”དང“ཕྱིར་སྐྱོད་པ”ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ལྗོངས་ཕྱི་ནང་གི་རིག་གནས་སྤེལ་རེས་བྱེད་སྒོར་ཧུར་ཐག་ཞུགས་ཤིང་། 2025ལོར་ལྗོངས་ཡོངས་ཀྱི་ཚབ་བྱས་ནས་རྒྱལ་མཚམས་འཛུལ་སྒོའི་རིག་གནས་གླུ་གཞས་འགྲན་ཚོགས་ལ་ཞུགས་པར། 《མོན་པའི་མགྲོན་བསུའི་གླུ》དང《སྦས་ཡུལ་མེ་ཏོག》ལ་བྱ་དགའ་ཆེན་པོ་གཉིས་ཐོབ་པ་དང་། ཞུ་འབུལ་བྱས་པའི《བོད་ཀྱི་མེ་ཏོག ཡར་ཀླུང་གཙང་པོའི་རྒྱལ་སྒོའི་རིག་གནས་ཀྱི་མཛེས་པ》དེ་རྒྱལ་ཁབ་རིམ་པའི་རྒྱལ་མཚམས་འཛུལ་སྒོའི་རིག་གནས་འཛུགས་སྐྱོང་གི་གསར་གཏོད་རྣམ་གྲངས་ནང་བདམས་པ་རེད།

2025ལོའི་ཟླ་11པར། མེ་ཏོག་རྫོང་ལ“མོན་པ་རིཌ་དང་ལྷོ་པ་རིགས་ཀྱི་སྤྱིའི་མི་འབོར་མང་ཤོས་རྫོང”དང“ཀྲུང་གོའི་ས་བབ་མཐོ་དམའི་ཧེ་བག་ཆེ་ཤོས་ཀྱི་རྫོང”ཞེས་པའི་འཛམ་གླིང་ཅི་ཉི་སིའི“ཀྲུང་གོའི་འགྲན་ཟླ་བྲལ་བའི”ཟིན་ཐོ་གཉིས་ཀྱི་ཁས་ལེན་དཔང་འདོན་ཐོབ་པ་རེད།

མཉམ་འདྲེས་ཟབ་གཏོང་།

ཡུལ་སྐོར་ལ་བརྟེན་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ།

མེ་ཏོག་རྫོང་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ནི། འཛམ་གླིང་རིམ་པའི་སྐྱེ་དངོས་གཏེར་མཛོད་ཀྱི་སྐྱེ་ཁམས་མཛེས་པ་ཡིན་ལ། “རྒྱ་བོད་མོན་གསུམ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མི་རིགས་ཀྱི་མཛེས་པ་དང་། “ཡུལ་སྐོར་བ་ཡིན་ལ་མཐའ་སྲུང་བའང་ཡིན་པའི”ཁྱིམ་ཚང་དང་རྒྱལ་ཁབ་གཅིག་ལྟར་འཛིན་པའི་མཛེས་པ་ཡང་ཡིན།

མེ་ཏོག་རྫོང་གིས་ལྟེ་བའི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ཏེ“ཡུལ་སྐོར་+”ཡི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ནས། ཐོན་ལས་མཉམ་འདྲེས་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། “ཇ་ཞིང་ལྗོངས་གཟིགས་སྟེགས་བུ”དང་སྒོར་སྒོར་ཐང་ཁུགས་པ་ཆེན་པོ་སོགས་མཛེས་ལྗོངས་ཁུལ་ལ་བརྟེན་ཞིང་། མེ་ཏོག་རྫོང་གིས་ཇ་མཚམས་སྦྱོར་དུ་བྱས་པའི་ཇ་ཞིང་ལྟ་སྐོར་ཡུལ་སྐོར་དང་ཐོན་རྫས་ལས་སྣོན་ཉམས་ལེན་གཞི་གཅིག་ཅན་གྱི་ཇའི་རིག་གནས་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་བསྐྲུན་ནས“དཔྱིད་ཀར་ཇ་ལོ་འཐུ་བ་དང་། དབྱར་ཁར་ཚ་གདུག་གཡོལ་བ། སྟོན་ཀར་ལོ་མར་ལྟ་བ། དགུན་ཁར་ལུས་ཁམས་གསོ་བ”བཅས་ཀྱི་དུས་ཚིགས་ཡོངས་ཀྱི་ཐོན་ལས་བསྐྲུན་ནས་མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི་4000ཙམ་འཕར་རྒྱུར་སྐུལ་ཁྲིད་བྱས་པ་དང་། མེ་ཏོག་གྲོང་ཚོ་ཡང་རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་ནང་བདེ་བླག་ངང་བདམས་པ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་རིང་བུ་ཁྲིད་དང་གནམ་ཕྱུག་རྒྱལ་གྱིས་ཞུས)