གཅིག མ་ཡིག་གི་མིང་དང་ཚིག་གི་སྦྱོར་ཚུལ་ཐད།
མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་པ་ལྟ་བུ་སྔོན་བྱུང་མཁས་པས་མིང་དང་ཚིག་གི་གལ་ཆེའི་རང་བཞིན་བརྗོད་ཡོད་ལ། ཡིག་སྒྱུར་ལག་ལེན་སྐབས་སུ་ཡང་མ་ཡིག་གི་མིང་གི་གོ་དོན་རྟོགས་རྒྱུ་ནི་འགྱུར་མ་ལེགས་པོ་ཞིག་འབྱུང་བའི་རྨང་གཞི་དང་སྔོན་འགྲོ་ཡིན། རྒྱ་བོད་སྐད་ཡིག་གཉིས་ལ་མཚོན་ན་མིང་དང་ཚིག་གི་འཇུག་ཚུལ་དང་དོན་གྱི་གོ་བ་ལེན་སྟངས་སོགས་ལ་ཁྱད་པར་ཆེ་བས། རྒྱ་ཡིག་གི་མིང་གཅིག་བརྗོད་པ་མི་འདྲ་བ་རེ་རེ་དང་འཕྲད་ན་འབྲི་བྱའི་ཡི་གེའི་གཟུགས་དང་ཀློག་པའི་སྒྲ་འདྲ་ཡང་། སྐབས་དོན་མི་འདྲ་བས་ཐ་སྙད་གཅིག་དོན་མི་འདྲ་བ་འགའ་ཤས་ལ་འཇུག་པ་ཡིན་ཏེ། དཔེར་ན།
1.每年的四月份林芝的风景很美丽。
(ལོ་རེའི་ཟླ་བཞི་པར་ཉིང་ཁྲིའི་ཡུལ་ལྗོངས་ལྟ་ན་སྡུག)
2.乡村振兴战略下,落措村建设成为一道独特的风景。
(ལོ་ཚོ་སྡེ་བ་ནི་གྲོང་གསེབ་དར་རྒྱས་ཀྱི་འཛུགས་སྐྲུན་འཐབ་ཇུས་འོག་རྣམ་པ་གསར་པ་ཞིག་ཏུ་གྱུར་ཡོད)
3.最近全球经济形势不稳定。
(ཉེ་ལམ་འཛམ་གླིང་གི་དཔལ་འབྱོར་གནས་བབ་གཏན་འཇགས་མིན)
4.这是一个经济实惠的方案。
(འདི་ནི་འགྲོ་གྲོན་ཆུང་ལ་ཕན་པ་ཆེ་བའི་ཐབས་ཇུས་ཤིག་རེད)ལྟ་བུ་ལས“风景、经济”ནི་སྤྱིར་ཡུལ་ལྗོངས་དང་དཔལ་འབྱོར་རུ་ཡིག་སྒྱུར་བྱེད་ཀྱང་། སྐབས་དང་བསྟུན་པར་ལན་རེར་རྣམ་པ་གསར་པ་དང་འགྲོ་གྲོན་ཆུང་བ་ལྟ་བུའི་རྒྱན་ཚིག་དང་བྱ་ཚིག་ཏུ་བསྒྱུར་ན་འཚམ་ཡང་བོད་ཡིག་གི་མིང་ཚིག་དང་བྱ་ཚིག་གཉིས་ལ་དབྱེ་བ་གསལ་པོ་ཡོད་པར། བརྗོད་བྱའི་མིང་ཚིག་གིས་བྱ་བ་སྟོན་པའི་དུས་མེད་ལ་མིང་ཚིག་གིས་བྱ་ཚིག་གི་ཚབ་ཀྱང་བྱེད་མི་ཐུབ་བོ།
གོང་གི་དཔེ་མཚོན་ལས་རྒྱ་བོད་ལོ་ཙཱའི་སྐབས་མ་ཡིག་གི་གོ་དོན་རྟོགས་དགོས་ན་ཐོག་མར་རྒྱ་བོད་ཡིག་རིགས་མི་གཅིག་པ་གཉིས་ཀྱི་ཡིག་སྲོལ་དབར་ཁྱད་པར་ཡོད་པའི་དབང་གིས་མིང་ཚིག་གི་གྲུབ་སྟངས་དང་ཚིག་ཕྲད་ཀྱི་འཇུག་པ་མི་འདྲ་བ་ཡིན་པར་རྟོགས་དགོས་ལ། བརྗོད་བྱའི་དོན་ཡང་སྟོན་ཚུལ་མི་འདྲ་བས་དེ་དག་གི་གོ་དོན་རེ་རེ་བཞིན་རྟོགས་པར་བྱེད་དགོས་སོ།
གཉིས། མ་ཡིག་གི་བརྗོད་བྱའི་སྔ་ཕྱིའི་གཏན་ཚིགས་འབྲེལ་བའི་ཐད།
དེ་ཡང་ཡིག་སྒྱུར་ལག་ལེན་སྐབས་མ་ཡིག་གི་བརྗོད་བྱའི་ཚིག་སྔ་ཕྱིའི་གཏན་ཚིགས་འབྲེལ་བར་རྟོགས་དཔྱོད་མ་ཐུབ་པ་ལས་འབྱུང་བའི་གནད་དོན་ནི་རྒྱུན་པར་འཕྲད་བཞིན་ཡོད་ལ། མ་ཡིག་གི་བརྗོད་བྱའི་ཚིག་ཕྲེང་སྔ་ཕྱིའི་གཏན་ཚིགས་ཀྱི་འབྲེལ་བར་ཞིབ་འཇུག་མ་བྱས་ན་ཐ་སྙད་ཅིག་གིས་རྒྱུན་གཏན་གྱི་དོན་ཕུད་དོན་གཞན་ཞིག་སྟོན་བཞིན་ཡོད་སྟབས། དེ་དག་ལ་ཞིབ་མོའི་བློ་ཡིས་ཚིག་སྔ་ཕྱིའི་གོང་འོག་དང་འབྲེལ་ནས་རྟོགས་དཔྱོད་མ་ཐུབ་ན་མ་ཡིག་གི་བརྗོད་པ་ཧྲིལ་པོ་འཁྱོག་བཤད་དང་བརྗོད་དོན་ནོར་བའི་གནད་དོན་འབྱུང་སླ་ཞིང་། ལྷག་པར་ཏུ་ཡིག་སྒྱུར་ལ་དེ་འདྲའི་བྱང་ཆ་མེད་པ་དང་མ་ཡིག་གི་ཚིག་ཕྲེང་རེ་རེའི་གོ་རིམ་ལྟར་བསྒྱུར་བ། འཕྲུལ་ཆས་ཡིག་སྒྱུར་ལ་བསྟེན་དྲགས་པ་བཅས་ལས་གནད་དོན་དེ་རིགས་འབྱུང་སླ་བ་ཡིན་ཏེ། དཔེར་ན།
1.师傅开车的技术很好,我一点也没晕车。
(ཁ་ལོ་བའི་རླངས་འཁོར་སྐོར་རྩལ་ཧ་ཅང་བཟང་བས། ང་རང་ལ་མགོ་ཡུ་འཁོར་བའི་ཚོར་བ་མ་བྱུང)
2.师傅,这道羊肉咖喱饭的价格多少?
(ཨ་ཁུ་མ་བྱན། ལུག་ཤའི་ཤ་འབྲས་འདི་ལ་སྒོར་ག་ཚོད་རེད)
3.师傅,请问这附近有超市吗?
(ཇོ་ལག འདི་གར་ཚོང་ཁང་ཨེ་ཡོད)
“师傅”ཞེས་པའི་ཐ་སྙད་ནི་སྤྱིར་དགེ་རྒན་དང་སློབ་དཔོན་ལ་འཇུག་པ་ཡིན་ཡང་། མཚམས་རེར་རླངས་འཁོར་གྱི་ཁ་ལོ་བ་དང་མ་བྱན། མི་ཆ་མེད་ཀྱི་འབོད་མིང་སོགས་ལ་ཡང་གོ་དགོས་པའི་ཚུལ་ཡོད་པས། ཡིག་སྒྱུར་གྱི་སྐབས་སུ་མ་ཡིག་ལ་གོ་དོན་ཁ་ཤས་ཡོད་པའི་མིང་ངམ་ཐ་སྙད་ཡོད་ན་བརྗོད་པ་དེའི་ཚིག་གོང་འོག་དང་སྔ་ཕྱིའི་གཏན་ཚིགས་འབྲེལ་བར་གཞིགས་ནས་སྐབས་དོན་གང་འཚམ་དུ་ཕབ་སྒྱུར་བྱེད་དགོས་ལ། མ་ཡིག་གི་ཚིག་སྦྱོར་སྤེལ་སྟངས་དང་བརྗོད་པའི་གོང་འོག་གི་གཏན་ཚིགས་འབྲེལ་བར་ཞིབ་མོའི་བློ་ཡིས་རྟོག་དཔྱོད་བྱས་ཏེ་བསྒྱུར་བྱའི་དོན་དངོས་ཤེས་རྟོགས་བྱ་རྒྱུ་ནི་མ་ཡིག་གི་གོ་དོན་ཡང་དག་རྟོགས་པའི་ཐབས་ལམ་ཞིག་ཡིན། 《དག་ཡིག་མཁས་པའི་འབྱུང་གནས》ལས། མིང་གཅིག་དོན་དུ་མ་ལ་བསྙེག་ཏུ་རུང་བ་རྣམས་ནི་ལྟག་འོག་ལེགས་པར་བརྟགས་ཏེ། ཕྱོགས་གཅིག་ལ་ཐག་གཅོད་དུ་རུང་ན་གར་སྙེགས་པ་དེར་བསྒྱུར”ཞེས་གདམས་ཡོད་དོ།
གསུམ། བརྗོད་བྱའི་གཞི་རུ་གྱུར་པའི་ལོ་རྒྱུས་རྒྱབ་ལྗོངས་ཐད།
སྐབས་འགར་མ་ཡིག་ཏུ་ཚིག་ཚོགས་མང་དྲགས་པ་དང་རྒྱས་བཤད་བྱས་ན་དགོས་གལ་ཆེར་མེད་པའི་བརྗོད་དོན་རྣམས་བསྡུས་བཤད་བྱས་པའམ་ཤུགས་སུ་བསྟན་པས། རིགས་དེ་ཡིག་སྒྱུར་བྱེད་སྐབས་སྔོན་ལ་བརྗོད་པ་བསྡུས་པ་དང་ཚིག་དེའི་རྒྱབ་ལོགས་ཀྱི་ལོ་རྒྱུས་དག་དཔྱད་གཞིའི་ཡིག་ཆ་དང་དེ་འབྲེལ་གྱི་ཡིག་རིགས་སྣ་ཚོགས་འཚོལ་བསྡུ་བྱས་ཏེ་ལྟ་ཀློག་མང་ཙམ་བགྱིས་ནས། བརྗོད་པ་བསྡུས་པའི་དོན་དང་ལོ་རྒྱུས་རྒྱབ་ལྗོངས་དངོས་རྒྱུས་ལོན་རྗེས། ཡིག་སྒྱུར་བྱས་ན་བརྗོད་པ་གནད་ལ་འཁེལ་བའི་འགྱུར་མ་ཡོང་ཐུབ། དེར་དཔེ་ཞིག་དྲངས་ན།
破釜成舟(སེམས་ཐག་གོར་མོ་རྡོ) 凿壁偷光(དཀའ་སྤྱད་སྡུག་རུས) 纸上谈兵(ཁ་སྟོང་ནང་གི་ཚིག་སྟོང) 徙木立信(ཕོ་རབ་ཚིག་ཐོག འཕར་བ་རྗེས་ཐོག) 班门弄斧(སངས་རྒྱས་ལ་ཀ་ཁ)ལྟ་བུ་ནི་ཚིག་ངོས་ཀྱི་དོན་ཙམ་མི་བསྒྱུར་བར་གཏམ་དཔེ་རུ་གྲུབ་པའི་ཚིག་ཐུང་དེ་དག་གི་རྒྱབ་ཏུ་བསྡུས་པའི་ལོ་རྒྱུས་དངོས་ཏེ་དཔེར་ན། “班门弄斧” ནི་གནའ་བོ་མིང་ལ“鲁班”ཟེར་བའི་ཤིང་བཟོ་མཁས་པའི་མདུན་ནས། གཞོན་སྐྱེས་ཤིང་བཟོ་ལ་མཁས་པོ་མེད་པ་ཞིག་གིས་རང་གི་ཤིང་བཟོའི་རྩལ་ངོམ་པས་ཚང་མས་འཕྱ་དམོད་ཀྱི་གནས་སུ་གྱུར་བ་ལྟ་བུ་གཏམ་དཔེའི་བསྡུས་དོན་དང་ལོ་རྒྱུས་རྒྱབ་ལྗོངས་དངོས་ལ་རྒྱུས་ལོན་གསལ་ཁ་ཐོན་ན། ད་གཟོད་སངས་རྒྱས་ལ་ཀ་ཁ་དང་ཉི་མ་ལ་སྒྲོན་མེ་ལྟ་བུའི་དོན་བསྟན་པ་བློ་ལ་ངེས་ནས་འགྱུར་མ་ཡང་དག་ཅིང་ནང་དོན་གནད་ལ་འཁེལ་བ་ཡོང་ཐུབ་བོ།
བཞི། མ་ཡིག་དང་འབྲེལ་བའི་རིག་ཚན་གྱི་གཞུང་ལུགས་ཐད།
དེ་ཡང་ཆེད་ལས་རང་བཞིན་ཆེ་བའི་ནང་དོན་ཡིག་སྒྱུར་བྱེད་དུས་ངེས་པར་དུ་རིག་ཚན་དེའི་སྐོར་གྱི་གཞུང་ལུགས་དང་ནང་དོན། ཆེད་སྤྱོད་བརྡ་ཆད་ལ་རྒྱུས་མངའ་ལེན་དགོས་ཤིང་། ཐ་སྙད་དེ་དག་གི་ནང་དོན་ཡང་རིག་ཚན་དེར་ཕྱོགས་དགོས་པ་ལས། ཚིག་མཛོད་ནས་མིང་ཚིག་དེའི་ཐད་ཀའི་གོ་དོན་ཙམ་འཚོལ་བ་དང་ཡང་ན་འཕྲུལ་ཆས་ཡིག་སྒྱུར་མ་ལག་གིས་ཐད་སོར་བསྒྱུར་ན་རིག་ཚན་དེ་འབྲེལ་གྱི་ནང་དོན་འབུར་དུ་ཐོན་མི་ཐུབ་པའམ་འཁྱོག་བརྗོད་དུ་གྱུར་ནས་འགྱུར་མ་ཀློག་པ་པོས་གོ་དཀའ་ལ་བརྡ་ལོག་ཏུ་འགྱུར་ཉེན་ཆེ།
དཔེར་ན། “宪法、法律;抢夺、抢劫”(རྩ་ཁྲིམས། བཅའ་ཁྲིམས། རྐུ་བཅོམ། འཕྲོག་བཅོམ)ལྟ་བུའི་ཁྲིམས་ལུགས་སྐོར་གྱི་ཐ་སྙད་ཡིག་སྒྱུར་བྱེད་དགོས་ཚེ། དེའི་ཕྱོགས་ཀྱི་རིག་ཚན་ལ་རྒྱུས་མངའ་ཡོད་དགོས། ནམ་རྒྱུན“宪法”དང“法律” ཡི་ཐ་སྙད་གཉིས་གང་ཚོད་ལག་སོན་གྱིས་སྲིད་ཁྲིམས་དང་ཁྲིམས་ལུགས། བཅའ་ཁྲིམས་དང་རྩ་ཁྲིམས་ཞེས་པར་སྒྱུར་བཞིན་ཡོད། “宪法”ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་གཞུང་ངམ་ཁྲིམས་ལུགས་སྤྱིའི་གཞུང་ལུགས་སྐོར་གྱི་ཨ་མ་ལྟ་བུ་ཡིན་པས། རྩ་ཁྲིམས་སུ་བསྒྱུར་བ་ལས་ཁྲིམས་ལུགས་དང་བཅའ་ཁྲིམས། སྲིད་ཁྲིམས་སོགས་གང་དུ་བསྒྱུར་ནའང་མི་འོས། “法律”ཞེས་པའི་ཐ་སྙད་ནི་བཅའ་ཁྲིམས་ཞེས་སུ་སྒྱུར་དགོས་ཤིང་དེ་ནི་ཁྲིམས་ཀྱི་འབྲེལ་ཡོད་སྡེ་ཚན་མང་པོ་འདུས་པའི་སྤྱི་མིང་ཙམ་ཡིན་པ་ལྟ་བུ་དེ་དག་ངེས་པར་དུ་རིག་ཚན་གང་ཡིན་པ་དེའི་གཞུང་ལུགས་དངོས་དང་ཡུལ་དུས་རིག་གནས་རྒྱུས་ལོན་ཡང་དག་བྱས་ནས་གོ་དོན་རྟོགས་ཐུབ་པར་བྱེད་དགོས་སོ།
མདོར་ན། དེང་སང་ལོ་ཙཱའི་བྱ་བ་ནི་རིག་ཚན་དང་ལས་རིགས་རིམ་པ་སོ་སོ་ན་ཆར་རྗེས་ཀྱི་སྤང་ལ་ཤ་མོ་བརྡོལ་བ་བཞིན་གང་སར་ཁྱབ་པ་ནི་སྐད་ཡིག་མི་གཅིག་པའི་མི་རིགས་དབར་གྱི་རིག་གནས་བརྗེ་རེས་ལ་བརྩོན་ལེན་བྱེད་བཞིན་པའི་མངོན་རྟགས་ཤིག་ཡིན་པས་དགའ་འོས་མོད། དེ་ལས་འགྱུར་མི་ཉུང་བ་ཞིག་ནི་ཀློག་པ་པོས་ཀློག་མི་བདེ་ཞིང་ཐ་ན་བརྗོད་དོན་གོ་མི་བདེ་བའམ་དོན་ལོག་པར་འགྱུར་བའི་ཉེར་ཁ་ཡོད་ལ། དེ་ནི་གཙོ་བོ་མ་ཡིག་གི་གོ་དོན་གསལ་པོ་མ་རྟོགས་པར་འཕྲུལ་ཆས་ཡིག་སྒྱུར་དང་ཚིག་མཛོད་ལ་བརྟེན་ཤས་ཆེ་བའམ་མ་ཡིག་གི་ཚིག་ངོས་ལ་བསྟུན་དྲགས་པ་སོགས་ཀྱི་དབང་གིས་ཡིན་པས། ཡིག་སྒྱུར་བྱ་བའི་ཁྲོད་མ་ཡིག་གི་གོ་དོན་རྟོགས་རྒྱུ་ནི་ཡིག་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོའི་ཆེས་འགག་རྩར་གྱུར་པའི་གནད་དོན་ཞིག་ཡིན་ནོ།
(བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2023ལོའི་ཤེས་རམས་ཞིབ་འཇུག་སློབ་མ། དཀོན་མཆོག་འཚོ)