འདི་ག་ཚཌ་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་ནོར་སྲིད་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོར། ལྷ་ས་གྲོང་ཁྱེར་གྱི་ནོར་སྲིད་གཏོང་ཡོང་གཞི་ཁྱོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་སྟེ། གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་165.66ཟིན་པ་དེ་དུས་མཚུངས་ལས་15.56%འཕར་ཡོད་པ་དང་། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་144.93ཟིན་པ་དེ་དུས་མཚུངས་ལས་20.13%འཕར་ནས། འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། གཞི་ཁྱོན་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་ལྗོངས་ཡོངས་ཀྱི་45.59%ཟིན་ཡོད་པ་རེད།
གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཀྱི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཁྲོད་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་125.89ཟིན་པ་དེ་དུས་མཚུངས་ལས་24.19%འཕར་ནས་བསྡུར་ཚད་86.86%ཟིན་ཡོད། ནོར་སྲིད་ཀྱི་འགན་སྲུང་བརྟན་པོ་ཡོད་པ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་485.8ཟིན་པ་དེ་དུས་མཚུངས་ལས་4.39%འཕར་ནས། འགྲོ་སོང་གཏོང་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། དམངས་འཚོའི་ཐད་ཀྱི་གཏོང་སྒོའི་བསྡུར་ཚད་84.3%ཟིན་ནས་གྲོང་ཁྱེར་གསར་སྒྱུར་དང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོའི་འགན་སྲུང་སོགས་ཀྱི་ཁྱབ་ཁོངས་སུ་གཙོ་གནད་ཐོག་བཏང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2026ལོར། ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ནས་སྔོན་རྩིས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། དུས་ཚིགས་དང་པོར“འགོ་ཚུགས་བཀྲ་ཤིས”ཡོང་བར་ནུས་ཤུགས་ཡོད་རྒུས་ཤུགས་བརྒྱབ་ནས། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནོར་ཤུགས་ཀྱི་འདེགས་སྐྱོར་བརྟན་པོ་བྱ་རྒྱུ་ཡིན་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། ཕུར་སྒྲོན་དང་དམ་ཆོས་མི་ཕམ་གྱིས་ཞུས)