ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྐྱོར་མོ་ལུང་ལྷ་མོ་སྲུང་སྐྱོང་རྒྱུན་འཛིན་ལྟེ་གནས་ཀྱི་སློབ་ཁང་དུ། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་ནས་ཡོང་བའི་གཏམ་ཤུལ་ལྷ་མོའི་རྒྱུན་འཛིན་པ་རིག་འཛིན་སྒྲོལ་མས་ག་ལེར་ཡར་ལངས་ནས་འགྱུར་ཁུག་སྙན་པའི་ལྷ་མོའི་དབྱངས་རྟ་འཐེན། ཁོང་གི་ཁ་སྤྲོད་དུ་བྲག་རྩའི་གྱོན་གོས་ཀྱི་རྒྱུན་འཛིན་པ་དང་འོ་མ་དཀྲོག་པའི་གླུ་གར་རྒྱུན་འཛིན་པ་སོགས་དམིགས་བསལ་གྱི“སློབ་གྲོགས”ཁྱུ་གཅིག་བསྡད་ཡོད་ཅིང་། ཁོང་ཚོ་མཚོ་སྨད་རྫོང་གི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུད་འཛིན་པའི་ཞིབ་སྦྱོང་གསོ་སྦྱོང་ཁག་གསུམ་པར་ཞུགས་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་། མཚོ་སྨད་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་རྩལ་ནུས་ཉིད་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ནང་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱས་ཏེ་རྒྱུན་འཛིན་པ་ནི“ཕྲ་ཕུང”གཙོ་བོར་བརྩི་བཞིན་ཡོད། མཚོ་སྨད་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། “རྒྱུན་འཛིན་པ་ནི‘འགྱུར་རྡོ་གསོན་པོ’ཙམ་མ་ཡིན་པར། ‘མེ་སོན’དུ་དེ་བས་ཀྱང་འགྱུར་བར་བྱེད་དགོས། ང་ཚོའི་ལས་འགན་ནི‘བུད་ཤིང’དང‘གསོ་རླུང’མཁོ་སྤྲོད་བྱས་ནས་དེ་དག་ལ་མེ་དྲོད་འདོན་དུ་འཇུག་རྒྱུ་མ་ཟད། ད་དུང་མི་མང་པོར་འོད་སྣང་ཡང་སྦྱིན་དུ་འཇུག་རྒྱུ་དེ་ཡིན”ཞེས་བཤད་པ་རེད།
ད་ཐེངས་ཀྱི་ཞིབ་སྦྱོང་གསོ་སྦྱོང་ནི་མཚོ་སྨད་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་སྔར་བས“མཐུན་རྐྱེན་སྦྱོར་བའི”འགག་རྩའི་བྱེད་ཐབས་ཤིག་རེད།
ཉེ་བའི་ལོ་ཤས་རིང་། མཚོ་སྨད་རྫོང་གིས་མ་དངུལ་བཏང་ནས་བྲག་རྩའི་གྱོན་གོས་ཁྲིད་སྦྱོང་ཁང་བསྐྲུན་པ་དང་། ཉང་རིགས་གཟིམ་སྤོས་མཉམ་ལས་ཁང་འཛུགས་པར་རྒྱབ་སྐྱོར་བྱས་ཏེ་གནའ་བོའི་ལག་རྩལ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་དུ་བཅུག་ཡོད།
མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་བྲག་རྩ་གྲོང་ཚོར་གནས་པའི་བྲག་རྩའི་གྱོན་གོས་ཁྲིད་སྦྱོང་ཁང་ལ་ག་ལེར་ཉམས་དགའ་བའི་འགྱུར་ལྡོག་བྱུང་བ་སྟེ། སྲོལ་རྒྱུན་གྱོན་གོས་ཀྱི་རི་མོ་ལྟ་ན་སྡུག་པ་དག་སྙིང་བསྡུས་བྱས་ནས་ལག་ཁུག་དང་། སྟོད་དཀྲིས། ཕོར་གདན་སོགས་རྒྱུན་གཏན་གྱི་རིག་གནས་བསམ་བཀོད་ཐོན་རྫས་ཐད་སྤྱད་ཡོད།
ད་ཆ་བྲག་རྩའི་གྱོན་གོས་ཁྲིད་སྦྱོང་ཁང་ནི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཀ་རྟེན་གལ་ཆེན་ལྟ་བུར་གྱུར་ནས་ལོ་རེའི་ཡོང་འབབ་སྒོར་ཁྲི་30ལས་བརྒལ་བ་མ་ཟད། གྲོང་ཚོའི་གཞིས་སྲུང་བུད་མེད་རྣམས་སྒོ་རྩར་ལས་ཞུགས་གང་ལེགས་ཐུབ་པར་ཡང་སྐུལ་ཁྲིད་བྱས་ཡོད།
ཉང་རིགས་གཟིམ་སྤོས་ཀྱི་འཕེལ་རྒྱས་ལམ་བུའང་དེང་རབས་འཚོ་བའི་ནང་འོ་ཆུ་བཞིན་དུ་འདྲེས་ཡོད་ཅིང་། རྒྱུན་འཛིན་པ་འགྱུར་མེད་བཀྲ་ཤིས་ཀྱིས་གནའ་བོའི་སྤོས་སྦྱོར་བྱེད་སྟངས་ལ་བརྩི་སྲུང་ནན་པོ་ཞུ་བ་དང་དུས་མཚུངས། ད་དུང་བརྙན་ཐུང་ལས་སྟེགས་ནས་སྤོས་སྦྱོར་བྱེད་སྟངས་བསྟན་ཏེ་དྲི་ཞིམ་འཐུལ་བའི་རྒྱུ་ཆ་རེ་རེའི་རྒྱབ་ཀྱི་ས་མཐོའི་ཡུལ་གྱི་གཏམ་རྒྱུད་དང་རིག་གནས་ཀྱི་ནང་དོན་གླེང་བཞིན་ཡོད། ད་ཆ་འགྱུར་མེད་བཀྲ་ཤིས་ཀྱི་མཉམ་ལས་ཁང་གིས་ལས་ཞུགས་ལས་གནས་70ལྷག་ཙམ་བཏོད་པ་དང་། གནའ་བོའི་དྲི་ཞིམ་དེ་དམངས་འཚོའི་ཕན་བདེ་དངོས་སུ་སྒྱུར་བཞིན་ཡོད་པ་རེད།
མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པར་འགག་རྩ་ནི་མི་རབས་རྗེས་མར་རག་ལས་ཡོད། མཚོ་སྨད་རྫོང་སློབ་འབྲིང་གི་སློབ་གསེང་སྐབས་ལུས་རྩལ་ཐང་ནས་སྙན་འཇེབས་འགྱུར་ཁུག་གྲགས་འོངས་པ་དང་། རོལ་དབྱངས་དགེ་རྒན་གྱིས་དམངས་ཁྲོད་སྒྱུ་རྩལ་པ་དང་མཉམ་དུ་ཡུལ་ལུང་སོ་སོའི་སྒོར་གཞས་ཀྱི་སྙིང་བཅུད་འཚོལ་སྡུད་ཟབ་མོ་བྱས་པ་མ་ཟད། རས་པའི་གཞི་རྒྱུ་ཐབས་མཁས་ངང་ཟུང་འབྲེལ་བྱས་པའི་སློབ་གསེང་ལུས་སྦྱོང“རས་པ་སྐྱིད་ཉལ”དེ་སློབ་མ་ཚོས་གཟུགས་པོར་སྦྱོང་བརྡར་དང་རིག་གནས་ཤེས་ཚོར་བྱེད་པའི་དར་སྲོལ་གསར་པར་འགྱུར་བཞིན་ཡོད།
ཐག་རིང་གི་གྲོང་ཚོ་ནས་སྒོ་དབྱེའི་སློབ་ཁང་དང་ཁྲོམ་རར་ཁྱབ་པ་དང་། ཁེར་རྐྱང་གི་བརྟན་སྲུང་ནས་ཐུན་མོང་གསར་གཏོད་བར་དུ། མཚོ་སྨད་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་རྣམས་ཀྱིས་ཡུལ་ལུང་གི་གཅེས་ནོར་ཁྱེར་ནས་རང་རང་གི་འཕེལ་རྒྱས་ལམ་བུར་སྐྱོད་བཞིན་ཡོད་པ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)