《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

མེ་ཏོག་རྫོང་གིས།

རྫོང་ཡོངས་སུ་འཆར་གཞིའི་ཁོངས་ཀྱི་རྫས་ལུད་དབོར་འདྲེན་བྱས་ནས་སྡེབ་གཅིག་ལ་སྤྲད་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མེ་ཏོག་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ལོ་འཁོར་གྱི་ཞིང་ལས་རྒྱུ་ཆ་བཀོད་གཏོང་ལས་དོན་གྱི་འཆར་གཞི་དང་ཡང་ཡང་བསྡུར་ནས་ཇུས་འགོད་ཞིབ་ཚགས་དང་། བཀོད་སྒྲིག་ཚགས་ཚུད། སྒྲིག་འཛུགས་ནུས་ལྡན་བཅས་བྱས་ཏེ་ཟླ་1ཚེས་9ཉིན། རྫོང་ཡོངས་སུ་འཆར་གཞིའི་ཁོངས་ཀྱི་རྫས་ལུད་དབོར་འདྲེན་བྱས་ནས་སྡེབ་གཅིག་ལ་སྤྲོད་པའི་ལས་དོན་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱས་ཏེ་2026ལོའི་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་དངོས་པོའི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་ལ་མཁོ་བའི་ཞིང་སྤྱོད་རྒྱུ་ཆའི་དགོས་མཁོ་གནད་སྨིན་སྐོང་ཆེད། མེ་ཏོག་རྫོང་གིས་ཤང་དང་གྲོང་རྡལ་ཁག་གི་རྨོ་ཞིང་གི་རྒྱ་ཁྱོན་དང་། འདེབས་འཛུགས་ཀྱི་གྲུབ་ཆ། ཞིང་དུད་ཀྱི་ཐོན་སྐྱེད་ཀྱི་རེ་བ་བཅས་ལ་གཞིགས་ནས་རྫས་ལུད་བགོ་བཤའ་རྒྱག་པའི་ཇུས་གཞི་ཚན་རིག་དང་མཐུན་པའི་ངང་ཞིབ་ཚགས་སུ་བཏང་སྟེ“དགུན་ཉར་དཔྱིད་སྤྲོད་དང་། འཚང་གཡོལ་གཏོང་སྤྲོད”ཀྱི་ལས་ཀའི་བྱེད་ཐབས་གསར་གཏོད་བྱས་པ་མ་ཟད། གཅིག་སྡུད་གཅིག་གྱུར་ངང་བཀོད་གཏོང་དང་མང་ཚོགས་ཐག་ཉེ་སར་ལེན་བདེ་བ་དང་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་རིམ་རྩིས་བརྒྱབ་ན་ཤང་7དང་གྲོང་རྡལ་1ལ་རྫས་ལུད་ཏུན་155སྤྲད་པའི་ནང་། ཁ་ལུད་་ཏུན་75དང་། གཏིང་ལུད་ཏུན་80ཡོད་པས་ཞིང་སྤྱོད་རྒྱུ་ཆ་དུས་ཐོག་དང་གྲངས་ཚང་ངང་ཞིང་དུད་ལ་སྤྲད་དེ་ལོ་ཧྲིལ་པོར་འབྲུ་རིགས་ལ་ཐོན་བརྟན་ཐོན་འཕར་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

གོམ་སྟབས་རྗེས་མར་མེ་ཏོག་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ཞིང་སྤྱོད་རྒྱུ་ཆ་མཁོ་སྤྲོད་འགན་ལེན་དང་ཞིང་ལས་ལག་རྩལ་གྱི་ཞབས་ཞུར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་མ་ཟད། ཞིང་ལས་ལག་རྩལ་པ་སྒྲིག་འཛུགས་བྱས་ཏེ་ཞིང་ནང་དང་མུ་ཁར་ཚན་རིག་དང་མཐུན་པའི་ངང་ལུད་རྒྱག་པར་མཛུབ་ཁྲིད་བྱས་ཏེ་རྫས་ལུད་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ཀྱི་འདུ་ཤེས་དྲིལ་བསྒྲགས་དང་ཁྱབ་གདལ་ཧུར་ཐག་གཏོང་རྒྱུ་རེད།

(ཚེ་དབང་ལྷ་མོས་སྒྱུར། པ་སངས་དང་ཚེ་ལྷས་ཞུས)