《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

འགྲོ་སྐྱོད་སྟབས་བདེར་ཕྱིན། འཚོ་བ་ལྷག་པར་སྐྱིད།

—— ནག་ཆུའི་འབྲོག་པ་རྣམས་དེང་རབས་འཚོ་བའི་མྱུར་ལམ་དུ་སྐྱོད་བཞིན་པ།

“སྔོན་ཆད་ཐག་རིང་ལ་ལམ་བདེ་པོ་མེད་པས་དུས་ཡུན་རིང་པོ་འགོར་གྱི་ཡོད། ད་ཆ་འགྲོ་ལམ་ཡངས་ཤིང་ཁོད་སྙོམས་པའི་ཁར་ཁྱིམ་གྱི་སྒོ་རྩར་ཤར་གཏོང་ཐུབ་པས། ས་ཆ་གང་དུ་འགྲོ་དགོས་ནའང་སྟབས་བདེ་པོ་འདུག”ཅེས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་དམངས་དར་སྡེ་ཁུལ་གྱི་གྲོང་མི་ཞོགས་སྐྱིད་ཀྱིས་ཚོར་སྣང་ཟབ་མོའི་ངང་བརྗོད་ཅིང་། དེ་ཐོག་ནས་འགྲིམ་འགྲུལ་འཕོ་འགྱུར་སྐོར་གྱི་བྱང་ཐང་འབྲོག་པའི་བསམ་འདུན་མཚོན་གྱི་ཡོད།

བར་སྣང་ནས་ས་གཞིར་བལྟས་ན། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་དེ་འཕར་རྩ་ལྟ་བུ་དང་གྲོང་གསེབ་ཀྱི་གཞུང་ལམ་ནི་ཁྲག་རྩ་ཕྲ་མོ་ལྟར་གྱེས་པའི་ཕྱོགས་བསྡུས་ལམ་དྲ་ཞིག་བྱང་ཐང་དུ་རྒྱུན་ཆད་མེད་པར་སྲིང་བཞིན་ཡོད། ཨར་འདམ་ལམ་རེ་རེ་ནི་སྒལ་ཚིགས་བརྟན་པོ་དང་འདྲ་བར་ནག་ཆུའི་འཕེལ་རྒྱས་ཀྱི་གཞི་རྩ་སྲ་བརྟན་དུ་བཏང་ཞིང་།“འགྲོ་སྐྱོད་བདེ་བླག”ནི་འབྲོག་པའི་ཉིན་རེའི་འགྲུལ་བཞུད་ཀྱི་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད།

ནག་ཆུ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲུའུ་ཁའེ་ཧྥེང་གིས། “ལོ་ལྔ་ཚན་བཅུ་བཞི་པ”ཡི་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱིས“འཕྲེད་གསུམ་གཞུང་བཞིའི་འཁོར་རིགས་བཞི་འགྲོ་ཐུབ་པའི”ལམ་དྲ་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། G109དང་G345སོགས་རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ་གྱི་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། སྲིད་འཛིན་གྲོང་ཚོ་172གྱི་འགྲོ་ལམ་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཏེ“བཟང་པོ་བཞི་ལྡན་གྱི་གྲོང་གསེབ་ལམ”གྱི་དམངས་འཚོའི་འགན་སྲུང་དྲ་བ་ཚགས་དམ་དུ་བཏང་ཡོད། 2025ལོ་ཁོ་ནར་གྲོང་ཁྱེར་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྒྲིག་ཚུད་གྲོང་ཚོ་10ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་100དང་སྲིད་འཛིན་གྲོང་ཚོ་537ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་རྒྱུན་འཁྱོངས་བྱས་པ། གྲོང་གསེབ་ཀྱི་འགྲུལ་སྐྱེལ་གཉེར་སྐྱོང་ལམ་ཐིག་གི་སྤྱིའི་རིང་ཚད་སྤྱི་ལེ་3767ཟིན་པས། འབྲོག་པ“ཐད་ཀར་རླངས་འཁོར་དུ་སྡོད་པ་དང་ས་མཐོའི་ཕྱོགས་གང་སར་སྐྱོད་ཐུབ་པའི”ཕུགས་འདུན་མངོན་འགྱུར་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ལམ་དྲ་འཐུས་སྒོ་ཚང་དུ་སོང་བ་དེས་འགྲུལ་བཞུད་ཁོར་ཡུག་ཡར་རྒྱས་བྱུང་བ་མ་ཟད། འགྲོ་སྐྱོད་བྱེད་སྟངས་ལའང་ཉམས་དགའ་བའི་འགྱུར་ལྡོག་བྱུང་ཡོད།

ནག་ཆུ་གྲོང་ཁུལ་དུ་མང་ཚོགས་ཀྱིས་སྙིང་ཉེ་པོས“གཅེས་ཕྲུག་སྤྱི་སྤྱོད་རླངས་འཁོར”ཞེས་འབོད་པའི་སྨི་6ཅན་གྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་བདེ་ལྕག་འཁྱུག་པོའི་ངང་ཁྲོམ་གཞུང་དུ་སྐྱོད་བཞིན་ཡོད་པ་དང་། རླངས་འཁོར་གྱི་སྒོ་ཁའི་གེགས་མེད་གསེག་ལམ་ལ་བརྟེན་ནས་རྒན་རྒོན་དང་འགྲོ་སྐྱོད་སྟབས་མི་བདེ་བ་རྣམས་ལ་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད།

“སྔོན་ཆད་ས་སྣུམ་གྱི་སྤྱི་སྤྱོད་རླངས་འཁོར་སྒུག་སྐབས་རྒྱུན་དུ་རླངས་འཁོར་ནང་འཚང་ཁ་ཆེ་བའམ་ཡང་ན་གཏོང་ཐེངས་ཉུང་བས་དུས་ཚོད་མང་པོ་འགོར་གྱི་ཡོད་མོད། ད་ཆ་ནུས་གསར་སྤྱི་སྤྱོད་རླངས་འཁོར་གཏོང་ཐེངས་མང་ཞིང་བདེ་བླག་ཏུ་སྐྱོད་ཐུབ་པའི་ཁར། རྐུབ་སྟེགས་འཁོར་ལོ་ཅན་ཐད་ཀར་རླངས་འཁོར་ནང་དུ་འཛུལ་ཐུབ་པས་ང་ཚོ་རྒན་རྒོན་རླངས་འཁོར་ལ་སྡོད་སྐབས་སྟབས་བདེ་པོ་འདུག”ཞོགས་སྐྱིད་ཀྱི་མྱོང་ཚོར་དངོས་ལས་ནག་ཆུའི་སྤྱི་སྤྱོད་འགྲིམ་འགྲུལ“ཡོད་པ”ནས“ལེགས་པའི”བར་འཕེལ་རྒྱས་བྱུང་བར་དཔང་པོ་བྱས་ཡོད།

ནག་ཆུ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ཧུའུ་ཧུང་པོ་ཡིས། 2025ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་31ནུས་གསར་འཁོར་རིགས་ལ་ཡོངས་སུ་བསྒྱུར་བ་དང་། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ལམ་ཐིག་གི་སྤྱིའི་རིང་ཚད་སྤྱི་ལེ་100ལྷག་ཟིན་ཡོད། “སྔོན་སྐྱོད་སྤྱི་འཁོར་དང་འབྱུང་འཕྲོད་འགྲོ་སྐྱོད”ནི་འབྲོག་པ་དེང་རབས་ཀྱི་འཚོ་བའི་ནང་མཉམ་འདྲེས་བྱེད་པའི་གདམ་ག་གཙོ་བོར་གྱུར་ནས་རྒྱུན་ལྡན་གྱི་འགྲོ་སྐྱོད་ཐད་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཅེས་བརྗོད་པ་རེད།

ལམ་བུ་ཤར་གཏོང་ཐུབ་པས་ཟོག་འགྲུལ་བདེ་བླག་བྱུང་ཞིང་། དེང་རབས་ཚོང་དོན་ཐད་ཀྱི་སྟབས་བདེ་ཡང་གྲོང་གསེབ་ཏུ་མགྱོགས་མྱུར་ངང་ཁྱབ་བཞིན་ཡོད།

“དེ་སྔོན་གྲོང་ཚོའི་ནང་ཅ་དངོས་ཉོ་དཀའ་བ་དང་དྲ་ཐོག་ནས་ཅ་དངོས་ཉོ་འདོད་ཀྱང་འབྱོར་མི་ཐུབ་པའི་སེམས་ཁྲལ་ཡོད། ད་ཆ་མྱུར་སྐྱེལ་ཞབས་ཞུ་གྲོང་གསེབ་ལ་ཁྱབ་པ་དང་ཁྱབ་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་མི་སེར་གྱི་དྲ་ཐོག་ཉོ་སྒྲུབ་ཀྱི་དགོས་མཁོ་ཇེ་ཆེར་འགྲོ་བཞིན་ཡོད”ཅེས་ཀྲུང་གོ་སྦྲག་སྲིད་ཚོགས་པ་ནག་ཆུ་ཡན་ལག་ཀུང་སིའི་ཚན་ཁག་གི་ཙུའུ་ཀྲང་བསྐལ་བ་རེ་གསུམ་གྱིས་བཤད། ཁོང་གིས2025ལོའི་ཟླ་7པ་ནས་བཟུང་ལྟེ་གནས་ཀྱི་ཉིན་རེའི་ཆ་སྙོམས་སྦྲག་ཐོག་བསྐུར་མ་ཐག་གཅོད་བྱེད་ཚད་ཁྲི་2ཡན་ཟིན་ནས་ལོ་གསར་གྱི་མཁོ་ཆས་དུས་ཐོག་ཏུ་སྐྱེལ་ཐུབ་པའི་འགན་ལེན་བྱ་ཆེད། ལས་དོན་པས་ཉིན་ལྟར་ཞོགས་པར་བསྐུར་མ་དབྱེ་འབྱེད་དང་བཤར་འབེབས་ཀྱི་ལས་དོན་སྤེལ་ནས་བསྐུར་མ་ཚང་མ་དུས་ཐོག་ཏུ་ཞིང་འབྲོག་པར་བདེ་འཇགས་ངང་སྐྱེལ་ཐུབ་པའི་འགན་ལེན་ཧུར་ཐག་བྱེད་ཀྱི་ཡོད་ཅེས་བཤད།

འགྱུར་ལྡོག་དེ་དག་ནི་ནག་ཆུ་གྲོང་ཁྱེར་གྱི“འགྲུལ་སྐྱེལ་ཟོག་འདྲེན་དང་སྦྲག་སྲིད”མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་ལས་བྱུང་བ་ཞིག་རེད། དམངས་འཚོའི་ཁྱབ་ཁོངས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ཐུབ་ཆེད། ནག་ཆུ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་དང་སྦྲག་སྲིད་ཡན་ལག་ཀུང་སི་དང་མཉམ་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་། ཟོག་འདྲེན་ཟོག་འགྲུལ། སྦྲག་སྲིད་མྱུར་སྐྱེལ་བཅས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་བསྡུ་སྒྲིལ་བྱས་ཏེ་གནས་གཅིག་གིས་ཁྱོན་ཡོངས་ཁྲིད་ནས་ས་ཁོངས་ཧྲིལ་པོར་དྲ་རྒྱ་ཁྱབ་པར་སྐུལ་འདེད་བཏང་བས་གྲོང་གསེབ་ཏུ་མྱུར་སྐྱེལ་ཁྱབ་གདལ་གཏོང་བའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་མ་ཟད། ཞིང་ཞོར་ཐོན་ཟོག་ཀྱང་གྲོང་ཚོ་ནས་གྲོང་ཁྱེར་དུ་འཚོང་བའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་ཡོད། 2025ལོའི་ལོ་མཇུག་བར། གྲོང་ཁྱེར་ཡོངས་ཀྱིས“འགྲུལ་སྐྱེལ་ཟོག་འདྲེན་དང་སྦྲག་སྲིད”མཉམ་འདྲེས་ཀྱི་ལམ་ཐིག་20ཤར་གཏོང་ཐུབ་པ་དང་། ཚབ་སྐྱེལ་འགྲུལ་སྐྱེལ་རླངས་འཁོར་31གིས་དངོས་ཟོག་ཁྲི་2ལས་བརྒལ་བ་ཚབ་སྐྱེལ་བྱས་པས། ཞིང་འབྲོག་མང་ཚོགས་ཀྱིས་ཐག་ཉེ་ས་ནས་མྱུར་སྐྱེལ་བསྐུར་མ་ལེན་ཐུབ་པ་དང་། ས་མཐོའི་ཁྱད་ལྡན་དངོས་ཟོག་དེ་བས་ལེགས་པའི་སྒོ་ནས་ཕྱི་ཕྱོགས་སུ་གཏོང་བར་མཐུན་རྐྱེན་སྦྱར་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྒུལ་ནུས་གསར་པ་བསྣན་ཡོད།

འགྲོ་ལམ་རྒྱ་ཆེ་རུ་བཏང་བ་ལས་དེ་བས་སྤུས་ལེགས་ཀྱི་དམངས་འཚོའི་ཞབས་ཞུ་གཞི་རིམ་དུ་ཁྱབ་ཐུབ་ནས་འབྲོག་པར་བདེ་སྐྱིད་ལྡན་པའི་འཚོ་བར་ཕྱོགས་པའི“མྱུར་ལམ”བཏིང་ཡོད།

ཆ་སྙོམས་ས་བབ་སྨི་4500ཡན་ཟིན་པའི་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་དུ་སྦྲུམ་མ་ཛ་ཏིའི་གཟུགས་པོར་བརྟག་དཔྱད་བྱེད་པར་ཐག་རིང་ལ་སྐྱོད་མི་དགོས་པར་ཁྱིམ་གྱི་སྒོ་ཁར་དུས་བཀག་ནང་ཕྲུ་གུ་སྐྱེ་ཁའི་བརྟག་དཔྱད་ཞབས་ཞུ་ལོངས་སྤྱོད་ཐུབ་ཀྱི་ཡོད་ཅིང་། མཐུན་རྐྱེན་དེ་ནི་ནག་ཆུ་གྲོང་ཁྱེར་གྱིས་བསྐྲུན་པའི“གྲོང་རྡལ་འཕྲོད་བསྟེན་ཁང་གིས་སྣེ་ཁྲིད་པ་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་གིས་མཉམ་འགུལ་བྱེད་པ། གོང་རིམ་སྨན་ཁང་གིས་འདེགས་སྐྱོར་བྱེད་པ”བཅས་ཀྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་དྲ་བ་ལས་བྱུང་བ་ཞིག་རེད།

གྲངས་གཞི་ལས་མངོན་པར། 2025ལོར་ནག་ཆུ་གྲོང་ཁྱེར་གྱིས་མི་ཐེངས་ཁྲི་17ལྷག་ཙམ་ལ་གཞི་རིམ་གྱི་སྐོར་སྐྱོད་ནད་བརྟག་སྨན་བཅོས་བྱས་པ་དང་། ཁྱིམ་ཚང་སྨན་པའི་ཚོགས་པ་651མང་ཚོགས་ཁྲི་40ཙམ་ལ་ཁྱབ་པ་དང་། དེ་སྔོན་གྱི“སྨན་ཁང་ཆེ་མོའི”ནང་མ་གཏོགས་མེད་པའི་སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་ད་ཆ་ས་མཐོའི་གྲོང་གསེབ་ཏུ་རྩ་བ་ཚུགས་ནས་འབྲོག་པའི་བདེ་ཐང་ལ་དེ་བས་འགན་ལེན་ཐུབ་ཡོད།

ཆ་སྙོམས་ས་བབ་སྨི་4500ཡན་ཟིན་པའི་བྱང་ཐང་དུ“འགྲོ་སྐྱོད་དཀའ་བ”ནས“ཤར་བགྲོད་སླ་བའི”བར་དང་། “དངོས་ཟོག་ཉོ་དཀའ་བ”ནས“ལམ་སེང་འབྱོར་བའི”བར། “ནད་ལྟ་དཀའ་བ”ནས“ཁྱིམ་དུ་སྨན་བཅོས་ཐུབ་པའི”བར་བཅས་སུ། བགྲོད་ལམ་ཡག་པོ་རེ་རེས་ཁྱིམ་ཚང་ཁྲི་སྟོང་མང་པོར་དེང་རབས་འཚོ་བའི་ཐད་ཀྱི་སྟབས་བདེ་དང་དྲོ་སྐྱིད་སྦྱིན་བཞིན་ཡོད་པ་རེད།

(གནམ་ཕྱུག་རྒྱལ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)